པ་ཀི་སི་ཏན་གྱི་སྲིད་འཛིན་རྒྱ་ནག་ཏུ་ཆེད་ཕེབས་གནང་བ།
2009.02.23
༄༅༎པ་ཀི་སི་ཏན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་མཆོག་རྒྱ་ནག་ཏུ་དཔལ་འབྱོར་གྱི་རོགས་རམ་འཚོལ་ཐབས་དང་རྒྱ་ནག་ལ་མཐོ་བའི་རྡོ་སྣུམ་གྱི་བརྒྱུད་ལམ་དེ་སྲུང་སྐྱོབས་གནང་རྒྱུའི་ཁས་ལེན་གནང་ཆེད་ཕེབས་ཡོད་པ་རེད།
བདུན་འདིའི་གཟའ་མཇུག་ནང་ཡུལ་གཉིས་བར་ཞིང་ས་དང་མཚོ་ཁའི་འཕྲུལ་རིག་དེ་བཞིན་ཆུ་གློག་འདོན་རྒྱུའི་ཆུ་རག་འཛུགས་བསྐྲུན་ཆེད་མཉམ་འབྲེལ་གནང་རྒྱུའི་གྲོས་མཐུན་ཁག་ཅིག་བཞག་གནང་བ་དེ་སྔ་ཕྱི་ཟླ་བཅུ་པའི་ནང་སྲིད་འཛིན་ཛར་རྡ་རི་མཆོག་རྒྱ་ནག་ཏུ་ཕེབས་སྐབས་གྲོས་མཐུན་ཁག་བཅུ་གཅིག་བཞག་གནང་བ་དེའི་ཁ་སྣོན་ཆགས་ཀྱི་ཡོད་པ་རེད། ད་ལྟའི་ཆར་པ་ཀི་སི་ཏན་གྱི་ཡུལ་དེས་གཞུང་གྲོན་ཤུགས་ཆེ་བཏང་བ་དང་ཕྱིའི་ཡུལ་དང་ཚོང་འབྲེལ་ཐོག་དངུལ་ཕར་སྤྲོད་ཤུགས་ཆེ་བྱེད་དགོས་པའི་རྐྱེན་དང་མ་ཟད་ཡུལ་ནང་འཇིགས་བསྐུལ་དྲག་སྤྱོད་པའི་དཀའ་རྙོག་གི་རྐྱེན་གྱིས་ཡུལ་གྱི་དཔལ་འབྱོར་གྱི་གནས་སྟངས་ཉག་ཕྲའི་གནས་སུ་ལྷུང་ཡོད་པ་རེད། ཡུལ་གྱི་དཔལ་འབྱོར་གྱི་དཀའ་རྙོག་སེལ་རྒྱུར་སྔ་ལོ་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ནས་ཨ་རིའི་ཌོ་ལར་འཐེར་འབུམ་བརྒྱད་ཙམ་གྱི་དངུལ་སྔ་གཡར་ཞུ་དགོས་རྒྱུར་ཡོད་ཅིང་ཡུལ་གྱི་དཔལ་འབྱོར་གྱི་དཀའ་ངལ་སེལ་རྒྱུར་པ་ཀི་སི་ཏན་ངོས་ནས་རྒྱ་ནག་ནས་དངུལ་གྱི་རོགས་རམ་གནང་བའི་རེ་བ་གནང་ཡང་ད་ལྟའི་ཆར་རྒྱ་ནག་ངོས་ནས་ཁས་ལེན་དེ་འདྲ་གནང་བ་བྱུང་མེད་པ་རེད། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་ཉིན་རེའི་གསར་འགོད་ལྷན་ཚོགས་ཐོག་མགྲིན་ཚབ་མ་ཅང་ཡུས་རྒྱ་ནག་གཞུང་ངོས་ནས་པ་ཀི་སི་ཏན་ལ་དངུལ་གྱི་རོགས་རམ་གནང་རྒྱུའི་གནད་དོན་སྐོར་གང་ཡང་ཤེས་རྟོགས་བྱུང་མེད་སྐོར་གསུང་ཡོད་པ་རེད༎