༧གོང་ས་མཆོག་གིས་དད་ལྡན་རྒྱ་གར་བར་ནང་ཆོས་ངོ་སྤྲོད།
2012.06.07
༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་རྒྱ་གར་བའི་དད་ལྡན་པ་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ཆོས་འབྲེལ་་དབུ་ཚུགས་་གནང་ཡོད་འདུག
རྒྱ་གར་གྱི་ནང་པའི་དད་ལྡན་པ་དང་། ནང་ཆོས་དོ་སྣང་ཡོད་མཁན་གྱི་ཚོགས་པ་ཁག་ཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་རིང་རེས་གཟའ་ཕུར་བུའི་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་མས་་གཙོ་བྱེད་པས་ནང་ཆོས་ངོ་སྤྲོད་ཀྱི་ཆོས་འབྲེལ་དབུ་ཚུགས་གནང་ཡོད་པ་རེད། ཆོས་འབྲེལ་དེ་རིང་ནས་བཟུང་ཉིན་གྲངས་གསུམ་རིང་གནང་རྒྱུ་ཡིན་པ་དང་རྒྱ་གར་ཁྱོན་ཡོངས་ནས་མི་མང་སྟོང་ཕྲག་གཅིག་ཙམ་བཅར་ཡོད་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་བ་ཚོ་ནང་ཆོས་དར་ཡུལ་དང་། སྟོན་པ་སྐུ་འཁྲུངས་ཡུལ་ཡིན་སྟབས་དགེ་རྒན་དུ་ངོས་འཛིན་ཞུས་ཆོག་པ་དང་། ང་ཚོ་བོད་པ་ཚོ་དགེ་ཕྲུག་ལྟབུ་རེད་ཅེས་བཀའ་གནང་སྟེ་ད་རེས་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་འདི་གོ་སྒྲིག་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད། ད་རེས་ཆོས་འབྲེལ་སྐབས་༧གོང་ས་མཆོག་གིས་ཕ་མེས་ནས་ནང་པ་ཡིན་ཟེར་བ་ཙམ་མ་ཡིན་པར་དུས་རྒྱུན་ནས་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་གི་ཡོད་ལ་ནང་པ་ཡིན་ཟེར་ཞལ་འདོན་འདྲ་བྱེད། བསྔགས་བསགས་ནས་བསྡད་པ་གཅིག་པུས་འགྲིགས་ཀྱི་ཡོད་མ་རེད། གཙོ་བོ་ནང་ཆོས་ཀྱི་ལྟ་གྲུབ་ཤེས་པས་ཐོག་ནས་ནང་ཆོས་ཀྱི་དོན་སྙིང་སློབ་སྦྱོང་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་འདུག ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དེང་སང་ཁག་ཅིག་གིས་ཕྱི་རྟག་ཏུ་ང་ཆོས་པ་ཡིན་ཆོས་ལ་དད་པ་ཡོད་ཟེར་ནས་རྒྱུན་གཏན་རྫུན་དང་གཡོ་རྒྱུ། མི་གཞན་ལ་བརྙས་བཅོས་་བཏང་བ་སོགས་ཀུན་སྤྱོད་མ་རུང་བ་ཤ་སྟག་བྱས་ནས་བསྡད་པ་ཡིན་ན་དེས་ཆོས་ཁས་ལེན་གྱི་ཡོད་ཟེར་ཁ་ནས་གོམས་སྲོལ་ལྟབུ་བཤད་པ་ཙམ་ལས་དོན་དངོས་ལ་ཆོས་པ་མ་རེད་ཅེས་གསུངས་ནས་གང་ལྟར་ནང་པ་ཞིག་ཡིན་པའི་ཆ་ནས་སངས་རྒྱས་ཀྱི་གསུངས་པའི་ཆོས་དེ་དག་ལ་སློབ་གཉེར་དང་། དེ་དག་སོ་སོའི་མི་ཚེའི་ནང་ལག་བསྟར་བྱེད་ཐུབ་པ་ཞིག་ངེས་པར་དུ་བྱེད་དགོས་ཀྱི་རེད་བཀའ་གནང་ཡོད་པ་རེད།