འཛམ་གླིང་ནང་ཕྲུ་གུའི་སྐབས་ནས་ཆང་ས་རྒྱབ་མཁན་སྐོར།
2009.10.06
༄༅༎འཛམ་གླིངམཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ལས་ཁང་གིས་རྒྱ་གར་ནི་དེང་སྐབས་དཔལ་འབྱོར་འཕེལ་རྒྱས་དང་དེང་རབས་ཅན་ཏུ་མངོན་འགྱུར་བྱེད་བཞིན་ཡོད་ཀྱང་འཛམ་གླིང་ཁྱོན་ཡོངས་ནང་ཕྲུ་གུ་ཆང་ས་རྒྱབ་མཁན་གྲངས་འབོར་བརྒྱ་ཆ་གསུམ་ནས་གཅིག་ལྷག་རྒྱ་གར་ཁོ་ནའི་ནང་ནས་ཡིན་པ་གསུངས་ཡོད་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐེབས་རྩ་ཁང་ནས་རེས་གཟའ་མིག་དམར་ཉིན་སྙན་ཐོ་ཞིག་འགྲེམས་སྤེལ་གནང་བའི་ནང་རྒྱ་གར་ནང་ཕྱི་ལོ་ཉིས་སྟོང་བདུན་ཁོ་ནར་ལོ་བཅོ་བརྒྱད་མན་གྱི་བུ་མོ་ས་ཡ་ཉི་ཤུ་རྩ་ལྔ་ཙམ་ཆང་ས་རྒྱབ་ཡོད་པར་བརྟེན་རྒྱ་གར་དང་བལ་ཡུལ་ པ་ཀི་སི་ཐན་བཅས་ཨེ་ཤེ་ཡའི་རྒྱལ་ཁབ་དེ་དག་ནང་དུ་ཕྲུ་གུ་བོུ་ལོ་ན་མི་སོན་པའི་དུས་སྐབས་དཔེར་ན་ལོ་བཅུ་ལ་མ་ཟིན་གོང་ནས་མནའ་མར་སྤྲོད་རྒྱུའི་ཁས་ལེན་བྱས་པའམ་ཡང་ན་ཆང་ས་རྒྱབ་ཏུ་བཅུག་པ་དང་ད་དུང་ཕྲུ་གུ་ས་ཡ་མང་པོར་ཁྱིམ་ཚང་དང་ཡང་ན་ཕྱི་ཕྱོགས་སུ་བཙན་དབང་གིས་གཟུགས་པོས་ཐེགས་མ་ཐུབ་པའི་ལས་ཀའི་ཐོག་ཞུགས་སུ་བཅུག་པ་དང་ཉེས་རྡུང་དང་མནར་གཅོད་གཏོང་བའི་ལུས་པོའི་དཀའ་ངལ་མྱོང་དགོས་པ་སོགས་ཁོང་ཚོར་ལུས་དང་སེམས་གཉིས་ཀའི་གནོད་འཚེ་བཟོ་བའི་དཀའ་སྡུག་མྱོང་དགོས་ཀྱི་ཡོད་པའི་སྐོར་བཀོད་ཡོད་པ་རེད། གང་ལྟར་ཕྱོགས་གཅིག་ནས་རྒྱ་གར་དང་བལ་ཡུལ་ པ་ཀི་སི་ཐན་ནང་དུ་ཤེས་ཡོན་གྱི་མི་སྣ་འཕེལ་རྒྱས་འགྲོ་བ་དང་ཕྲུ་གུ་ཆང་ས་བརྒྱབ་པའི་ལམ་སྲོལ་བཀག་འགོག་བྱེད་ཐབས་འབད་བརྩོན་བྱེད་བཞིན་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་དེ་དག་ནང་དུ་ཆོས་ལུགས་ལག་བསྟར་བྱེད་པ་དང་མི་རིགས་ཀྱི་ཐོུང་མ་ཡིན་པའི་ལུགས་སྲོལ་རྒྱུན་འཛིན་བྱེད་པའི་ཐོག་ནས་འཚོ་གནས་བྱེད་བཞིན་ཡོད་པ་དང་དེའི་ཐོག་ནས་འཛམ་གླིང་ནང་དུ་ཕྲུ་གུ་ཆང་ས་རྒྱབ་མཁན་གྱི་གྲངས་འབོར་ནང་ནས་ཕྱེད་ཀ་ལྷག་ནི་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ནང་ཡོད་ཅིང་དཔེར་ན་ཕྱི་ལོ་ཉིས་སྟོང་ནས་ཉིས་སྟོང་བརྒྱད་བར་ཏུ་ཨཕ་ག་ནི་སི་ཐན་ནང་ཕྲུ་གུ་ཆང་ས་རྒྱབ་རྒྱུར་ཐོ་འགོད་བྱེད་མཁན་བརྒྱ་ཆ་དྲུག་དང་སྦང་ལ་རྡེཤ་ནང་བརྒྱ་ཆ་བཅུ་བྱུང་བ་དང་རྒྱ་གར་ནང་བརྒྱ་ཆ་བཞི་བཅུ་ཞེ་གཅིག་དང་མོལ་ཌིལྦ་སི་ནང་བརྒྱ་ཆ་བདུན་བཅུ་དོན་གསུམ་བྱུང་ཡོད་པའི་ཁར་ད་དུང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁྱོན་ཡོངས་ནང་ཕྲུ་གུ་ངལ་རྩོལ་བྱེད་མཁན་གྱི་གྲངས་འབོར་ས་ཡ་བཞི་བཅུ་ཞེ་བཞི་འམ་བརྒྱ་ཆ་བཅུ་གསུམ་ཡོད་པའི་ནང་ནས་ས་ཡ་ཉི་ཤུ་རྩ་གཉིས་རྒྱ་གར་ནང་ཡོད་པའི་སྐོར་གསུངས་ཡོད་པ་རེད།