ཨ་མི་རི་ཀའི་སྲིད་འཛིན་དང་༧གོང་ས་མཆོག་མཇལ་འཕྲད།
2011.07.17
༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་བྭ་མྭ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཀྱིས་བོད་ཀྱི་རིག་གཞུང་གཅེས་སྐྱོང་དང༌། འགྲོ་བ་མིའི་ཐོང་ཐང་སྲུང་སྐྱོབ། ཕྱོགས་མཚུངས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་ རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་རྒྱུར་བསྐྱར་དུ་རྒྱབ་སྐྱོར་གནང་འདུག
དབུ་ཁྲིད་རྣམ་གཉིས་དབར་སྐར་མ་༤༥རིང་གིས་སྐུ་སྒེར་གྱི་མཇལ་འཕྲད་དེ་བཞིན་སྲིད་འཛིན་གྱི་ལས་ཁུངས་ཀྱི་ས་ཁྲ་ཁང་དུ་གནང་ཡོད་ཅིང༌། མཇལ་འཕྲད་གནང་རྗེས་སྲིད་འཛིན་གྱི་ལས་ཁུངས་ནས་གསལ་བསྒྲགས་ཤིག་དང་མཇལ་འཕྲད་གནང་བའི་སྐུ་དཔར་བཅས་འགྲེམས་སྤེལ་བའི་ནང་ སྲིད་འཛིན་གྱིས་ བོད་ཀྱི་ཐོུང་མི་ཡིན་པའི་ཆོས་དང་རིག་གཞུང། སྐད་ཡིག་ དེ་བཞིན་འཛམ་གླིང་གང་སར་གནས་པའི་བོད་མི་རིགས་གཅེས་སྲུང་དགོས་རྒྱུར་རྒྱབ་སྐྱོར་མཇུག་སྐྱོང་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག ཐེངས་འདིའི་མཇལ་འདི་བཞིན་༧གོང་ས་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིངྚོན་དུ་འདས་པའི་ཉིན་བཅུ་བཅིག་རིང་དཔལ་དུས་ཀྱི་འཁོརལོའི་དབང་ཆེན་དངོས་གཞི་གྲུབ་རྗེས་ཉིན་མཐའ་མ་དང་རེས་གཟའ་སྤེན་པའི་ཉིན་མངོན་གསལ་དོད་པོ་རང་མེད་པར་གནང་ཡོད་པ་དང་ མཇལ་འཕྲད་སྐབས་གསར་འགོད་བཏང་མེད་པ་རེད། མཇལ་འཕྲད་གྲུབ་རྗེས་༧གོང་ས་མཆོག་གིས་ཨེ་ཨེཕྤི་གསར་འགོད་པས་བཀའ་འདྲི་ཞུས་པའི་ལན་དུ། སྲིད་འཛིན་ཨོ་བྭ་མྭ་མཆོག་མཇལ་འཕྲད་བྱུང་བར་ཐུགས་བརྙེས་པོ་བྱུང། སྲིད་འཛིན་ ཨོ་བྭ་མྭ་མཆོག་དམངས་གཙོའི་རྒྱལ་ཁབ་སྙན་གྲགས་ཆེ་ཤོས་ཀྱི་དབུ་ཁྲིད་ཡིན་པའི་ཆ་ནས་གཞི་རིམ་གྱི་འགྲོ་བ་མིའི་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང༌། ཆོས་དད་རང་བཅས་ཀྱི་ཐོག་ཐུགས་ཁུར་བཞེས་པའི་ཐོག་ནས་ བོད་གཙོས་པའི་དཀའ་སྡུག་ནང་ཚུད་པའི་ས་ཕྱོགས་གང་སར་བཅོས་མིན་ཐུགས་འཚབ་གནང་བཞིན་པར་བསྔགས་བརྗོད་གནང་འདུག། དེ་ལྟར་ཡང་ཨ་མི་ཀས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང་ བོད་རང་བཙན་ལ་རྒྱབ་སྐྱོར་གནང་གི་མེད་ལུགས་ནན་བརྗོད་གནང་འདུག དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དེ་བཞིན་ཕྱི་སྲིད་དྲུང་ཆེ་ཧི་ལེ་རི་ཁི་ལིནྚོན་ཉིན་བཅུའི་ནང་ཚུད་རྒྱ་ནག་ལ་འཚམས་འདིའི་གཟིགས་སྐོར་གནང་རན་པ་དང་ ཕྱོགས་མཚུངས་སྲིད་འཛིན་གཞོན་པ་ ཇོ་སེཕ་བྭའི་ཌན་མཆོག་དབྱར་དུས་རྒྱ་ནག་ལ་གཟིགས་སྐོར་ལ་བསྐྱོད་གཏན་འཁེལ་བའི་སྐབས་སུ་གནང་བ་ཞིག་རེད་། ཨ་རིའི་ཁྲིམས་བཟོ་བ་མང་དག་ཞིག་དང་འགྲོ་བ་མིའི་ཐོབ་དོན་གཉེར་བ་ཚོས་ སྲིད་འཛིན་གྱིས་༧གོང་ས་མཆོག་མཇལ་འཕྲད་གནང་རྒྱུར་གནོན་ཤུགས་སྤྲོད་མཁན་ཚོས་མཇལ་འཕྲད་གནང་ཕྱོགས་ཐད་འདོད་བློ་འཁེངས་པ་ཞིག་བྱུང་མེད་པ་རེད། དཔེར་ན་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཚུང་གི་ཚོགས་གཙོ་ ཨི་ལི་ན་རོ་སེ་ལེཏི་ནེན་གྱིས་མཇལ་འཕྲད་མ་གནང་བ་ལས་གནང་བ་དྲག་ཙམ་མ་གཏོགས་སྔོན་ཚུད་ནས་གྲ་སྒྲིགས་མེད་པར་སྐབས་མཚམས་སུ་བྲེལ་ཟིང་ངང་མཇལ་འཕྲད་གནང་བར་དེར་སྐྱོན་བརྗོད་གནང་འདུག།