ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་གྱི་ལྷན་ཚོགས།
2009.07.17
༄༅༎གཟའ་འཁོར་རྗེས་མ་ཐའེ་ལེན་ནང་ཚོགས་རྒྱུའི་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་གྱི་ལོ་རེའི་ལྷན་ཚོགས་ཐོག་བྱང་ཀོ་རི་ཡ་དང་འབར་མ་ཡུལ་གྲུ་གཉིས་ཀྱི་དཔོན་རིགས་མཉམ་ཞུགས་གནང་རྒྱུར་བཀག་སྡོམ་བྱས་ཡོད་འདུག
ཕྱི་ཟླ་བདུན་པའི་ཚེས་བཅུ་དགུ་ནས་ཉི་ཤུ་གསུམ་བར་ཚོགས་རྒྱུའི་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་ཡུལ་གྲུ་ཁག་གི་ལོ་འཁོར་ལྷན་ཚོགས་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་ནས་གསུང་བཤད་གནང་འཆར་ཡོད་པ་དང་ལྷན་ཚོགས་ཐོག་གཙོ་བོ་མངའ་ཁུལ་གྱི་དཔལ་འབྱོར་གནས་སྟངས་འཕེལ་རྒྱས་ཡོང་རྒྱུའི་ཆེད་མཉམ་ལས་བྱ་ཕྱོགས་དང་དེ་བཞིན་དེང་སྐབས་ཁྱབ་གདལ་འགྲོ་བཞིན་པའི་ཨེཇ་༡ཨེཇ་༡ཟེར་བའི་ཕག་པའི་རིམས་ནད་ལ་ཁ་གཏད་གདོང་ལེན་གྱི་ལས་དོན་སྤེལ་ཕྱོགས་སོགས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད། དེ་དང་ཕྱོགས་མཚུངས་ལྷན་ཚོགས་རིང་ཚོགས་བཞུགས་ཡུལ་གྲུ་ཁག་གི་བློན་ཆེན་རྣམ་པ་ཚོས་ཀོ་རི་ཡ་ཕྱེད་གླིང་གི་བདེ་འཇགས་གནད་དོན་སྐོར་ལ་ཡང་བཀའ་མོལ་གནང་འཆར་ཡོད་པ་ཐའེ་ལེན་ཡུལ་གྲུའི་ཕྱི་སྲིད་བློན་ཆེན་ནས་འགྲེལ་བརྗོད་གནང་འདུག ཡིན་ནའི་ད་རེས་ཀྱི་ལྷན་ཚོགས་དེའི་ཐོག་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་མཉམ་ཞུགས་བྱ་རྒྱུར་ལྷན་ཚོགས་ཀྱི་འབྲེལ་ཡོད་ནས་མོས་མཐུན་མ་བྱས་པར་བྱང་ཀོ་རི་ཡ་ཕྱོགས་ནས་ཐའེ་ལེན་ནང་ཡོད་པའི་ཡུལ་དེའི་གཞུང་འབྲེལ་དཔོན་རིགས་སྐུ་ཚབ་ཏུ་གཏོང་འཆར་ཡོད་འདུག ད་རེས་ཀྱི་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་ལོ་འཁོར་ལྷན་ཚོགས་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཀི་ལིན་ཊོན་དང་བྱང་ཀོ་རི་ཡའི་དཔོན་རིགས་དབར་ཐུགས་འཕྲད་གནང་མིན་སྐོར་གསར་འགོད་པས་ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པར་གཟའ་འཁོར་སྔོན་མའི་གསར་འགོད་ལྷན་ཚོགས་ཐོག་བཀའ་འདྲི་ཞུས་པའི་སྐབས་མགྲིན་ཚབ་པ་ཨི་ཡེན་ཀེ་ལི་ཡིས་ལྷན་ཚོགས་ཐོག་བྱང་ཀོ་རི་ཡའི་གནད་དོན་གླེང་སློང་གནང་རྒྱུར་ཡིད་ཆེས་གནང་གི་ཡོད་པའི་སྐོར་ལན་འདེབས་གནང་ཡོད་འདུག ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་ཡུལ་གྲུའི་ལྷན་ཚོགས་དེའི་ཐོག་ལྷན་ཚོགས་ཡུལ་གྲུ་བཅུ་ཕུད་དེ་མིན་ཨ་རི་དང་ཉི་ཧོང་།རྒྱ་ནག།ལྷོ་ཀོ་རི་ཡ་སོགས་ཡུལ་གྲུ་བཅུ་དྲུག་མཉམ་ཞུགས་གནང་རྒྱུ་ཡིན་འདུག།