ཨ་མདོ་རྔ་བ་ཁུལ་དུ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ།
2011.10.20
༄༅༎ཨ་མདོ་རྔ་བ་ཁུལ་དུ་ཉེ་ཆར་སེར་སྐྱ་དགུ་ཡིས་གཅིག་འཇུག་གཉིས་མཐུད་ཀྱིས་སྐུ་ལུས་ཞུགས་འབུལ་གནང་ཏེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གནང་བའི་རྗེས། བོད་ནང་གི་དགོན་སྡེ་ཁག་ལ་དམ་བསྒྲགས་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས་དགེ་འདུན་པ་ཚོས་གནས་ཚུལ་དེའི་སྐོར་བརྗོད་རྒྱུར་ཞེད་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་སྐོར་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་འདུག ཕེར་ན་སི་གསར་འགྱུར་རྒྱུད་ལམ་གྱི་གསར་འགོད་པས་གཟའ་འཁོར་འདིའི་ནང་རྔ་བ་ཁུལ་གྱི་ས་ཁུལ་མང་པོ་ཞིག་ཏུ་ཕེབས་ནས་དགེ་འདུན་པ་མང་པོ་ཞིག་ལ་རང་ལུས་མེར་བསྲེགས་གཏོང་བའི་གནད་དོན་དང་འབྲེལ་བའི་སྐོར་ལ་སྐད་ཆེ་དྲིས་ཡོད་པ་དང་། མིང་འབོད་གནང་འདོད་མེད་པའི་དགེ་འདུན་པ་ཞིག་གིས་ཁོང་གནས་སྡོད་བྱེད་སའི་དགོན་སྡེའི་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་ནས་དགེ་འདུན་པ་ཚོའི་ཐོག་ཧ་ཅང་གི་དམ་བསྒྲགས་ཡོད་པ་གསལ་སྟོན་གནང་འདུག་ལ། ད་དུང་ཁོང་གིས་དགེ་འདུན་པ་ཚོས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་བཞིན་ཡོད་ན་ཡང་། ཆོས་ལུགས་ཀྱི་ཉམས་ལེན་ཐོག་དུས་ཚོད་མང་བ་གཏོང་ཐབས་གནང་གི་ཡོད་པའི་སྐོར་ལན་འདེབས་བྱས་ཡོད་འདུག དེ་མིན་དགེ་འདུན་པ་ཁག་ཅིག་གིས་ཐ་ན་རང་ལུས་མེར་བསྲེགས་ཞེས་པའི་ཚིག་དང་། ༸གོང་ས་ཏ་ལའི་བླ་་མ་མཆོག་གི་མཚན་ཡང་བརྗོད་ནུས་ཀྱི་མེད་པ་དང་། ཡང་ཁག་ཅིག་གིས་ང་ཚོར་རང་དབང་ཡོག་མ་རེད། ད་ལྟ་བོད་ནང་གི་གནས་སྟངས་ཧ་ཅང་གི་ཛ་དྲག་ཡོད་པ་མ་ཟད།རང་དབང་རྩ་བ་ནས་མེད་པ་གསུངས་འདུག།