ཉི་ཧོང་དང་ཨ་རིའི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཐུགས་རེ།
2009.09.16
༄༅༎ཉེ་ཆར་གསར་དུ་འོས་འདེམས་བྱུང་བའི་ཉི་ཧོང་གི་སྲིད་བློན་མཆོག་ནས་ཨ་མི་རི་ཀའི་གཞུང་དང་འབྲེལ་ལམ་ཡར་རྒྱས་གཏོང་གནང་རྒྱུའི་ཐུགས་རེ་ཆེན་པོ་ཡོད་ལུགས་གསུངས་འདུག
ཉེ་ཆར་གསར་དུ་འོས་འདེམས་བྱུང་བའི་ཉི་ཧོང་གི་སྲིད་བློན་ཡུ་ཀི་ཡོ་ཧ་ཏོ་ཡ་མ་མཆོག་གིས་ཨ་མི་རི་ཀའི་སྲིད་འཛིན་ཨོ་བཱ་མ་མཆོག་ལ་ཡིད་ཆེས་ཆེན་པོའི་སྒོ་ནས་འབྲེལ་ལམ་ཡར་རྒྱས་གཏོང་གནང་རྒྱུའི་ཐོག་དམག་ཆེན་གཉིས་པ་མཇུག་སྒྲིལ་བའི་རྗེས་སུ་ཉི་ཧོང་ནང་རྟེན་གཞི་བྱེད་བཞིན་པའི་ཨ་མི་རི་ཀའི་དམག་དཔུང་ཉི་ཧོང་ནང་མུ་མཐུད་འཇོག་དང་མི་འཇོག་རྒྱུའི་སྲིད་བྱུས་དེའི་ཐད་མུ་མཐུད་བསྐྱར་ཞིབ་གནང་རྒྱུ་ཡིན་ལུགས་གསུངས་གནང་ཡོད་པ་རེད། ཡང་སྲིད་བློན་ཧ་ཏོ་ཡ་མ་མཆོག་གིས་མུ་མཐུད་གསུངས་ན་ཁོང་གིས་ཨ་མི་རི་ཀའི་གཞུང་དང་ཕྱི་སྲིད་ཀྱི་འབྲེལ་ལམ་ཡར་རྒྱས་བཏང་རྒྱུ་དང་ཆབས་ཅིག་རྒྱ་ནག་གཙོ་བོར་འགྱུར་བའི་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད། གོང་ཞུས་གནད་དོན་དེ་སྐུ་ཞབས་ཡུ་ཀི་ཡོ་ཧ་ཏོ་ཡ་མ་མཆོག་ཉི་ཧོང་གི་སྲིད་བློན་དུ་འཁོད་གནང་བའི་རྗེས་སུ་གསར་འགོད་པར་འགྲེལ་བརྗོད་གནང་བ་ཞིག་ཡིན་པ་དང་དེ་ཡང་ངས་ཐོག་མར་ཨ་མི་རི་ཀའི་སྲིད་འཛིན་ཨོ་བཱ་མ་མཆོག་ལ་ཡིད་ཆེས་ཆེན་པོའི་སྒོ་ནས་ཨ་མི་རི་ཀའི་གཞུང་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཐོག་ཡུལ་གྲུ་གཉིས་དབར་ཁ་གསང་པོ་དང་གོ་བདེ་པོའི་སྒོ་ནས་གནད་དོན་ཁག་ཕན་ཚུལ་བརྗེ་ལེན་གནང་རྒྱུའི་ཐུགས་རེ་ཆེན་པོ་བཅངས་བཞིན་ཡོད་པ་དེ་ནི་ཐོག་མའི་གོམ་པ་དང་པོ་དེ་ཡིན་ཞེས་གསར་འགོད་པར་གསལ་སྟོན་གནང་ཡོད་པ་རེད།