བལ་ཡུལ་གྱི་གཞུང་འཛིན་ཐོག་གྲོས་འཆམ་བྱུང་ཡོད་འདུག
2008.08.21
༄༅༎བལ་ཡུལ་གྱི་དམར་ཤོག་ཚོགས་པ་ནང་ཁུལ་གཞུང་འཛིན་རྒྱུའི་ཐོག་གྲོས་འཆམ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག།
རེས་གཟའ་ཟླ་བའི་ཉིན་བལ་ཡུལ་གྱི་མའོ་ཤོག་ཁག་ཚོགས་པའི་ཚོགས་གཙོ་པར་ཅན་རྡ་མཆོག་སྲིད་བློན་དུ་འོས་འདེམས་བྱུང་ནས་ད་ཆ་ཉིན་མ་འགའ་ཤས་ཕྱིན་ཟིན་ཡོད་ཀྱང་ད་བར་བློན་ཆེན་ལྷན་ཚོགས་བསྐོ་བཞག་བྱེད་ཐུབ་མེད་པ་རེད། འོན་ཀྱང་དེ་རིང་རེས་གཟའ་ཕུར་བུའི་ཉིན་བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པ་དང༌། མར་ཁེ་སེ་དམར་ཤོག་ཚོགས་པ་གཉིས་ཀྱི་རྒྱུན་ལས་རྣམས་ཚོགས་འཛོམས་ཀྱིས་བློན་ཆེན་ཆ་བགོས་བྱེད་ཕྱོགས་ཐོག་བཀའ་བསྡུར་གནང་ཡོད་པའི་ཁོངས་སུ་ནང་སྲིད་དང༌། དཔལ་འབྱོར། ནགས་ཚལ་བློན་ཆེན། བུད་མེད་དང༌། བྱིས་པའི་ལས་དོན་ཚན་པའི་བློན་ཆེན་སོགས་ཆབ་སྲིད་ཚོགས་པ་དེ་དག་གི་ཚོགས་མིར་སྤྲོད་རྒྱུའི་ཐག་ཆོད་བྱུང་ཡོད་ལུགས་ས་གནས་གསར་གའགྱུར་བརྒྱུད་ལམ་ཁག་ནང་བཀོད་ཡོད་པ་རེད།
དེ་བཞིན་མར་ཁེ་སེ་དམར་ཤོག་ཚོགས་པའི་དྲུང་ཆེ་ཀ་ནལ་གྱིས། ཉེ་ཆར་མའོ་ཚོགས་པའི་ཚོགས་གཙོ་པར་ཅན་རྡ་ལ་སྲིད་བློན་གྱི་འོས་འཕེན་མཁན་ཚོགས་པ་དེ་དག་ནང་ཁུལ་མི་མཐུན་པ་རྣམས་གོ་བསྡུར་སྦྱང་བཤད་བྱེད་པའི་ཐོག་ནས་བློན་ཆེན་བསྐོ་འདེམས་བྱེད་ཕྱོགས་ཐག་ཆོད་བྱུང་ཡོད་ལུགས་གསུངས་པ་ལས་མར་ཁེ་སེ་ཚོགས་པའི་སྐོར་དམིགས་བསལ་འགྲེལ་བརྗོད་བྱས་མེད་པ་རེད།
འོན་ཀྱང་མ་རྡེ་ཤིའི་མི་རིགས་ཀྱི་ཚོགས་པའི་འགོ་འཁྲིད་སྦི་པི་ཡ་དལྦ་ནས། ཁོང་ཚོའི་ཚོགས་པར་ཕྱི་སྲིད་དང༌། དྲིལ་བསྒྲགས་བློན་ཆེན་བསྐོ་འདེམས་ཡོང་རྒྱུའི་རེ་བ་ཡོད་ལུགས་གསུངས་ཡོད་པ་གང་ལྟར་ཆབ་སྲིད་ཚོགས་པ་ཚོའི་དབར་གོ་བསྡུར་གྱིས་བློན་ཆེན་ལྷན་ཚོགས་གང་མགྱོགས་བསྐོ་འདེམས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་འདུག།