བལ་ཡུལ་དུ་བོད་མི་ཁག་ཅིག་འཛིན་བཟུང།
2011.07.05
༄༅༎ཕྱི་ཟླ་དྲུག་པའི་ཚེས་༢༡ཉིན་བལ་པོའི་ཉེན་རྟོག་པས་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་མཁན་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཏེ། བལ་པོའི་གཞུང་གིས་རྒྱ་ནག་གི་འདོད་འདུན་གྲུབ་བཞིན་པའི་རྣམ་པ་ཇེ་གསལ་སུ་འགྲོ་གི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
དེ་ཡང་རེས་གཟའ་ལྷག་པའི་ཉིན་བལ་ཡུལ་རྒྱལ་སའི་ཁུལ་དུ་ཡོད་པའི་མཆོད་རྟེན་བྱ་རོ་ཁ་ཤོར་གྱི་མདུན་དུ་བོད་མི་༧༠ འདུ་འཛོམས་ཀྱིས་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་འཁྲུངས་སྐར་ཀྱི་ཆོས་ཕྱོགས་བྱེད་སྒོ་སྤེལ་བའི་སྐབས་འཛིན་བཟུང་བྱས་པ་ཞིག་ཡིན་ཞིང༌། གནས་ཚུལ་དངོས་སུ་མཐོང་མཁན་གྱིས། ཉེན་རྟོག་པས་སྐབས་དེར་བོད་མི་བཅུ་གྲངས་ཤིག་འཛིན་བཟུང་བྱས་པ་དང༌། ཁོང་ཚོ་དགོན་པ་ནས་ཕྱིན་ཐོན་ཡོང་བའི་སྐབས་འཛིན་བཟུང་བྱས་པ་དང༌། ཁོང་ཚོ་ཚང་མ་སྐྱེས་པ་ཤ་སྟག་ཡིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། བལ་པོའི་ཉེན་རྟོག་པས་བོད་མི་༡༢ ད་དུང་མུ་མཐུད་མཆོད་རྟེན་འཁྲིས་སུ་་ཡོད་པའི་ཉེན་རྟོག་ལས་ཁུངས་སུ་བཀག་ཉར་བྱེད་མུས་ཡིན་པ་མ་ཟད། ཁོང་ཚོར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཉེས་འཛུགས་བྱས་ཡོད་པ་རེད།
ད་དུང་ཡང་བལ་ཡུལ་ནང་དུ་བོད་མི་ན་གཞོན་ཚོས་ལག་རྩེད་པོ་ལོའི་འགྲན་བསྡུར་གྱི་བྱེད་སྒོ་ཞིག་སྤེལ་བའི་སྐབས། བལ་པོའི་ཉེན་རྟོག་པ་ཡོང་སྟེ་རྩེད་མོ་རྩེད་དུ་མ་བཅུག་པར་བཀག་འགོག་བྱས་པར་བརྟེན། རྩེད་མོའི་བྱེད་སྒོ་གོ་སྒྲིག་བྱེད་མཁན་ནས་རྩེད་མོ་རྩེད་ཡུལ་ས་གནས་གཞན་དུ་སྤོ་དགོས་བྱུང་ཡོད་པ་དང༌། བོད་མི་ན་གཞོན་ལོ་༢༠ ཡིན་པའི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་བལ་པོའི་གཞུང་གིས། ག་དུས་ཡིན་ནའང་རྩེད་མོའི་བྱེད་སྒོ་ནི་ཁྲིམས་འགལ་གྱི་བྱ་བ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན་ནས། བལ་ཡུལ་ཁུལ་གྱི་བོད་མི་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་བལ་པོའི་གཞུང་གིས་བཀག་འགོག་བྱེད་ཡོང་བསམ་པའི་བོད་མི་མང་པོ་ཞིག་བློ་འཚབ་ངང་གནས་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།