སེམས་ཅན་སྡེབ་གསོད་ཀྱི་དམར་མཆོད་མཚམས་འཇོག་བྱེད་རྒྱུ་ཡིན།
2015.07.28
བལ་ཡུལ་ནང་དུད་འགྲོ་སེམས་ཅན་འབུམ་ཕྲག་བརྒལ་བ་དམར་མཆོད་བྱ་ཡུལ་གྱི་ཧིན་རྡུའི་ལྷ་ཁང་དེས་དམར་མཆོད་མཚམས་འཇོག་བྱ་རྒྱུ་ཡིན་པ།
དེ་ཡང་བལ་ཡུལ་ནང་ལོ་ལྔ་རེའི་མཚམས་དུད་འགྲོ་སེམས་ཅན་འབུམ་ཕྲག་བརྒལ་བ་དམར་མཆོད་བྱ་ཡུལ་གྱི་ཧིན་རྡུའི་ལྷ་ཁང་དེས། ལོ་ངོ་བརྒྱ་ཕྲག་འགའ་ཤས་རིང་གི་དམར་མཆོད་ཕུལ་བའི་སྲོལ་རྒྱུན་དེ་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག དེ་རིང་ཚེས༢༨གཟའ་མིག་དམར་ཉིན། གྷ་དྷི་མཡི་ལྷ་ཁང་གི་ཐེབས་རྩའི་དྲུང་ཆེ་Motilal Prasadགྱིས་ང་ཚོའི་ངོས་ནས་སེམས་ཅན་དམར་མཆོད་འབུལ་བའི་ལམ་ལུགས་ཡོངས་སུ་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཅེས་དང་། ད་དུང་ཁོང་གིས་ངས་དུད་འགྲོ་སེམས་ཅན་དེ་དག་ང་ཚོ་མི་ལྟར་སྡུག་བསྔལ་མྱོང་བ་གཅིག་མཚུངས་ཡིན་པ་ཤེས་རྟོགས་བྱུང་ཅེས་བརྗོད་འདུག
ཁོང་གིས་མུ་མཐུད་དུ། ལོ་ངོ་བཞི་བརྒྱའི་རིང་གནས་པའི་སྲོལ་རྒྱུན་དེ་འཕྲལ་དུ་མེད་པ་བཟོ་རྒྱུ་ལས་སླ་པོ་ཞིག་མིན་ཡང་། ད་ནས་ངེས་པར་སེམས་ཅན་དམར་མཆོད་འབུལ་མི་དགོས་པའི་སློབ་གསོ་བྱ་རྒྱུར་ད་དུང་ལོ་བཞི་ཙམ་གྱི་དུས་ཡུན་ཡོད་པ་རེད་ཅེས་གསུངས་འདུག
ལོ་ལྔ་རེའི་མཚམས་བལ་ཡུལ་དང་། རྒྱ་གར་ནས་མི་གྲངས་ས་ཡ་འགའ་ཤས་བལ་ཡུལ་ལྷོ་ཕྱོགས་རྒྱ་གར་དང་ཐག་ཉེ་སྦ་རི་ཡ་པུར་ཟེར་བའི་ས་གནས་སུ་ཆགས་པའི་ཧིན་རྡུའི་ལྷ་མོ་Gadhimaiཟེར་བའི་ལྷ་ཁང་དུ་ཡོང་སྟེ་མ་ཧེ་དང་། རྭ་ལུག ཁྱིམ་བྱ་སོགས་འབུམ་ཕྲག་འགའ་ཤས་ལྷ་མོ་དེའི་ཆེད་དམར་མཆོད་འབུལ་སྲོལ་ཡོད་པ་དང་། འཛམ་གླིང་ནང་གི་དུད་འགྲོ་སེམས་ཅན་སྲུང་སྐྱོབ་ཚོགས་པ་མང་པོས་དུས་རབས་དང་མ་མཚམས་པའི་སྲོལ་རྒྱུན་ངན་པ་དེ་རིགས་མཚམས་འཇོག་ཡོང་ཐབས་ལ་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད་པ་རེད།
གྷ་དྷི་མཡི་ལྷ་ཁང་དུ་དམར་མཆོད་ཕུལ་བའི་ལམ་ལུགས་དེ་ལོ་ངོ་བཞི་བརྒྱ་ཙམ་གྱི་གོང་དུ་དར་བ་ཞིག་ཡིན་འདུག་ཅིང་། དམར་མཆོད་འབུལ་མཁན་གྱི་མི་ཚོས་ཧིན་རྡུའི་ལྷ་མོ་དེར་དམར་མཆོག་ཕུལ་ཚེ་རང་ཉིད་ཀྱི་དཔལ་འབྱོར་དང་། དབང་ཐང་གོང་འཕེལ་དུ་འགྲོ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་དམར་མཆོད་ཕུལ་དུ་ཡོང་མཁན་གྱི་མི་མང་ཆེ་བ་ཉམས་ཐག་དབུལ་པོའི་གྲས་ཡིན་པ་བརྗོད་བཞིན་ཡོད་པ་རེད།
སྔ་ལོ་ཕྱི་ཟླ་༡༡པའི་ནང་གྷ་དྷ་མཡི་ལྷ་ཁང་དུ་མི་འབོར་ས་ཡ་གཉིས་དང་ཕྱེད་ཀ་ཙམ་སླེབས་སྟེ་ཁྱོན་དུད་འགྲོ་སེམས་ཅན་འབུམ་གཉིས་ཙམ་དམར་བསད་བཏང་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།