བལ་ཡུལ་ནང་ཕག་པའི་རིམས་ནད་འོག་མི་གཅིག་འདས་གྲོངས།
2009.12.27
༄༅༎དེ་རིང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ནས་རྒྱ་ནག་གི་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་དེ་རིང་རེས་གཟའ་ཉི་མའི་ཉིན་བལ་ཡུལ་ནང་དུ་ཕག་པའི་རིམས་ནད་འགོས་ཁྱབ་ཟིན་པའི་ནད་པ་གཅིག་འདས་གྲོངས་སུ་ཕྱིན་ཡོད་པ་དང། དེ་ནི་བལ་ཡུལ་ནང་དུ་ཕག་པའི་རིམས་ནད་ཁྱབ་གདལ་ཕྱིན་པ་ནས་བཟུང་ནད་པ་འདས་གྲོངས་སུ་ཕྱིན་པ་ཐེངས་དང་པོ་ཡིན་པའི་གནས་ཚུལ་སྤེལ་ཡོད་པ་རེད།
ཕག་པའི་རིམས་ནད་ཀྱིས་རྐྱེན་བྱས་ཏེ་བལ་ཡུལ་ནང་ཐེངས་དང་པོ་ནད་པ་འདས་གྲོངས་སུ་ཕྱིན་པ་དེ་ནི་ལོ་ན་ལྔ་བཅུ་ཡིན་པ་དང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུའི་ནང་དུ་ཡོད་པའི་སྦིར་སྨན་ཁང་དུ་ཕག་པའི་རིམས་ནད་ཀྱི་སྨན་བཅོས་བྱེད་མུས་ཡིན་པའི་སྐབས་དེ་རིང་འདས་གྲོངས་ཕྱིན་པའི་གནས་ཚུལ་གསལ་བསྒྲགས་བྱས་ཡོད་པ་ལས། མི་དེ་སུ་ཡིན་མིན་གྱི་མིང་དང་སྡོད་གནས་སོགས་གསལ་བསྒྲགས་བྱས་མེད་པ་རེད། སྦིར་སྨན་ཁང་གི་སྨན་པ་ལྦི་ཇེ་ཡ་ཤར་མཱ་ཞུ་བས། ཕག་པའི་རིམས་ནད་H1N1འགོས་ཁྱབ་ཟིན་པའི་ནད་པ་དེ་ནི་གློ་ཚད་ཀྱི་ནད་གཞི་རྙོག་འཛིངས་ཅན་དུ་གྱུར་བའི་རྐྱེན་བྱས་ཏེ་འདས་གྲོངས་སུ་ཕྱིན་པ་ཡིན་ལུགས་དང། ད་དུང་ཡང་ནད་པ་དེར་ཕག་པའི་རིམས་ནད་ཙམ་མ་ཡིན་པར་སྐབས་དེར་རྒྱུ་ལོང་གི་ནད་གཞི་དང་འབྲེལ་བའི་ན་ཚ་ཡང་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། ད་ལྟའི་འཆར་བལ་ཡུལ་ནང་དུ་ཕག་པའི་རིམས་ནད་འགོས་ཁྱབ་ཀྱི་གནས་སྟངས་ནི་ཛ་དྲག་པོ་ཡོད་པ་དང། བལ་ཡུལ་གྱི་ཕྱི་ལུགས་སྨན་པ་ཚོས། ཕག་པའི་རིམས་ནད་དེ་ནི་མི་དམངས་ཁྲོད་དུ་ཁྱབ་སྤེལ་འགྲོ་གི་ཡོད་པའི་ཉེན་བརྡའི་གསལ་བསྒྲགས་སྤེལ་ཡོད་པ་རེད།