བལ་ཡུལ་གྱི་སྲིད་བློན་གསར་པ་འོས་འདེམས་བྱུང་ཡོད་པ།
2009.05.23
༄༅༎བལ་ཡུལ་གྱི་གྲོས་ཚོགས་ཀྱིས་ཁེ་ས་དམར་ཤོག་ཚོགས་པ་ཁག་གི་ཁོངས་ནས་མ་ཁེ་སི་རིངས་ལུགས་་དང་གུ་ཡངས་ཀྱི་ལྟ་གྲུབ་འཛིན་པའི་དམར་ཤོག་ཚོགས་པའི་འགོ་ཁྲིད་སྐུ་ཞབས་མ་ཧྰ་བདེ་བ་ཀུ་མར་ནེ་པལ་ཞུ་བ་དེ་ཉིད་སྲིད་བློན་གསར་པར་འོས་འདེམས་བྱས་ཡོད་པ་རེད།
འཐུས་མི་གྲངས་དྲུག་བརྒྱ་གཅིག་ཡོད་པའི་བལ་ཡུལ་གྱི་གྲོས་ཚོགས་ནང་སྲིད་དོན་ཚོགས་པ་གྲངས་ཉི་ཤུ་རྩ་གཉིས་ལས་གྲུབ་པའི་མནའ་འབྲེལ་ཚོགས་པས་དགག་ཆ་རྩ་བ་ནས་མེད་པར་མང་མོས་འོས་འདེམས་བྱས་པ་རེད་ཅེས་གྲོས་ཚོགས་ཀྱི་ཚོགས་གཙོ་སུ་བཧ་ཤ་ཉིམ་བང་གིས་བརྗོད་ཡོད་པ་རེད།
བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོའི་ལངས་ཕྱོགས་ཐད་ཞིབ་འཇུག་གནང་མཁན་ཚོས་བརྗོད་ན་མ་ཁེ་སིའི་རིངས་ལུགས་དང་གུ་ཡངས་ཀྱི་ལྟ་གྲུབ་འཛིན་པའི་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་སྐུ་ཞབས་མ་ཧྰ་བདེ་བ་ཀུ་མར་ནེ་པལ་ཞུ་བས་གཡོན་ཐལ་གྱི་ལངས་ཕྱོགས་འཛིན་གྱི་ཡོད་ན་ཡང་དོན་དངོས་ཐོག་དམར་པོའི་མིང་ཙམ་ཐོགས་པའི་སྲིད་འཛིན་འོས་དམིགས་གཅིག་པོ་དེ་རང་ཡིན་པ་རེད།
བལ་ཡུལ་གྱི་གྲོས་ཚོགས་ཀྱི་ངོས་རང་སྲིད་བློན་དུ་འོས་འདེམས་བྱས་པ་ནི་འགན་ཆེན་པོ་ཞེ་དྲག་རེད་འོན་ཀྱང་བལ་ཡུལ་གྱི་གཞུང་འཛིན་གནང་ཕྱིར་ཆབ་སྲིད་ཐད་ཆབ་སྲིད་ཚོགས་པ་ཚང་མའི་བར་སྤྱི་མོས་དང་ཐུན་མོང་གི་ལངས་ཕྱོགས་ཡོང་ཐབས་བྱ་རྒྱུར་ཁོང་གི་ངོས་ནས་གོམ་པ་མདུན་བསྐྱོད་གནང་གི་ཡིན་ཞེས་ཁོང་སྲིད་བློན་གསར་པར་མང་མོས་འོས་འདེམས་བྱུང་བའི་རྗེས་ཁས་ལེན་གནང་ཡོད་པ་རེད༎
ཡིན་ན་ཡང་མའོ་ཡི་ལྟ་བ་འཛིན་མཁན་གྱི་ཚོགས་པའི་འགོ་ཁྲིད་བགྲེས་པ་ན་ར་ཡན་ཀ་ཇི་ཤི་རིསྰ་ཐ་ཡིས་སྲིད་བློན་གསར་པའི་འོས་འདེམས་ལ་རྒྱབ་སྐྱོར་མེད་པའི་སྐོར་སྲིད་བློན་གྱི་འོས་འདེམས་ཚར་བའི་རྗེས་གྲོས་ཚོགས་ནང་ནས་ཕྱིར་ཐོན་པའི་སྐབས་སུ་གསར་འགོད་པར་གསུངས་ཡོད་པ་རེད༎