བལ་ཡུལ་གཞུང་གིས་མྱུར་སྐྱོབ་ལས་དོན་འགོར་འགྱང་ལ་སྐྱོན་བརྗོད།
2015.04.29
བལ་ཡུལ་གཞུང་གིས་ས་ཡོམ་གྱི་གོད་ཆག་ཕོག་ཁུལ་ལ་མྱུར་སྐྱོབ་ལས་དོན་འགོར་འགྱང་ཡོང་བཞིན་པར་སྐྱོན་བརྗོད་དང་ངོ་རྒོལ་བྱས་འདུག
དེ་ཡང་བལ་ཡུལ་གྱི་ཕྱོགས་འགལ་ཚོགས་པའི་ཆབ་སྲིད་མི་སྣ་དང་། མང་ཚོགས་ཁག་ཅིག་གིས་བལ་ཡུལ་གཞུང་ཕྱོགས་ནས་ས་ཡོམ་གྱི་གོད་ཆག་ཕོག་མཁན་ཚོར་རོགས་རམ་བྱེད་སྟངས་ལ་ཧ་ཅང་དུས་འགྱང་ཕྱིན་པར་སྐྱོན་བརྗོད་བྱེད་འགོ་ཚུགས་ཡོད་པ་དང་། ཤུགས་ཚད་རིམ་པ་༧དང་གྲངས་ཆུང་༩ཅན་གྱི་ས་ཡོམ་འོག་འདས་གྲོངས་སུ་ཕྱིན་པའི་མིའི་གྲངས་འབོར་ཁ་ས་བར་༥༠༠༠བརྒལ་འགྲོ་བཞིན་པ་དང་། ཕྱི་ཕྱོགས་ནས་སྐྱོབས་གསོ་རོགས་རམ་འབྱོར་འགོ་ཚུགས་ཡོད་ནའང་། བལ་ཡུལ་གྱི་ས་གནས་མང་པོའི་ནང་མང་ཚོགས་ལ་སྐྱོབ་གསོ་བགོས་འགྲེམས་ལ་འགོར་འགྱང་ཆེན་པོ་ཡོང་བཞིན་ཡོད་པ་རེད། རི་རྒྱུད་ས་ཁུལ་མང་བའི་བལ་ཡུལ་རྒྱལ་ཁབ་ནང་འགྲིམ་འགྲུལ་གྱི་ཆ་རྐྱེན་ཞན་པ་དང་། འཕྲུལ་ཆས་ཉུང་བ་སོགས་ཀྱིས་ས་ཡོམ་འོག་འདས་གྲོངས་སུ་ཕྱིན་པའི་མིའི་གྲངས་འབོར་དང་གནོད་སྐྱོན་གཞི་རྒྱ་ཇི་ཙམ་ཐེབས་ཡོད་མེད་ཚོད་དཔག་བྱེད་ཁག་པོ་ཆགས་ཡོད་པ་མ་ཟད། ཐག་རིང་རི་ཁུག་ས་གནས་ཁག་ནང་མང་ཚོགས་ཀྱི་ཚེ་སྲོག་སྐྱོབ་ཐུབ་ཡག་ཁག་པོ་ཆགས་འདུག རྒྱལ་ས་ཀཐ་མན་ཀྲོའུ་ནང་དུའང་སྲོག་སྐྱོབ་རུ་ཁག་གིས་ཁང་པ་ལོག་པའི་གྱང་རོའི་འོག་ཚུདཔའི་མིའི་ཕུང་པོ་དེ་ཚོ་འཚོལ་ཞིབ་བཏོན་ཐབས་བྱེད་བཞིན་པའི་ལས་དོན་དེ་ཙམ་ཚགས་ཚུད་མེད་པ་རེད། བལ་ཡུལ་གྱི་ཕྱོགས་འགལ་དམར་ཤོག་ཆིག་སྒྲིལ་ཚོགས་པས་གཞུང་གི་ལས་དོན་འགོར་པོ་ཡོད་པའི་སྐྱོན་བརྗོད་དང་འབྲེལ་མང་ཚོགས་ལ་རོགས་པ་བྱེད་མཁན་དང་བླངས་ཞབས་ཞུ་བ་གང་མང་བཀོད་ཇུས་བྱེད་བཞིན་ཡོད་ལུགས་བརྗོད་འདུག
བལ་ཡུལ་གྱི་སྲིད་བློན་ཟུར་པ་Pushpa Kamal Dahalགི་ལས་རོགས་Shiva Khakurelཡིས་ཀྱང་དེ་བཞིན་བལ་ཡུལ་གཞུང་ལ་སྐྱོན་བརྗོད་བྱས་འདུག
དེ་ལྟར་ཚེས༢༩ཉིན་གཟའ་ལྷག་པའི་ཉིན་བལ་ཡུལ་གྱི་རྒྱལ་སའི་གྲོས་ཚོགས་མདུན་མི་མང་༢༠༠་ལྷག་གིས་རི་རྒྱུད་གྲོང་གསེབ་ཁག་ལ་འགྲིམ་འགྲུལ་ཆེད་སྤྱི་སྤྱོད་སྣུམ་འཁོར་གྱི་གྲངས་འབོར་སྤར་དགོས་པ་དང་། རོགས་རམ་ཁག་བགོ་འགྲེམས་བྱེད་སྟངས་ཡར་རྒྱས་གཏོང་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་རྔམ་སྟོན་བྱས་ཡོད་པ་དང་། ངོ་རྒོལ་བྱེད་མིའི་ཁོངས་ནས་Kayant Pandayཟེར་བ་ཞིག་ནས་རི་རྒྱུད་གྲོང་གསེབ་ཁུག་ཁྱོག་ལ་གནས་པའི་ཁོང་རང་གི་ནང་མི་ཚོ་དང་ད་བར་འབྲེལ་བ་བྱེད་མ་ཐུབ་པ་དང་། ས་ཡོམ་གྱི་གོད་ཆག་བྱུང་བའི་རི་རྒྱུད་གྲོང་གསེབ་དེར་བསྐྱོད་ཐབས་ཆེད་སྤྱི་སྤྱོད་སྣུམ་འཁོར་ཞིག་ཐོབ་ཐབས་བྱས་རུང་མ་བྱུང་སྟབས་ཁོང་རང་གི་ནང་མི་ཚོ་འཆི་གསོན་གང་ཡིན་གནས་ཚུལ་ཤེས་རྟོགས་བྱ་རྒྱུའི་ཐབས་ཤེས་གང་ཡང་མིན་འདུག་ཅེས་རོ་ཡ་ཀྲར་གསར་ལས་ཁང་ལ་བརྗོད་འདུག
བལ་ཡུལ་གཞུང་གིས་ད་དུང་ཡང་རེས་གཟའ་སྤེན་པའི་ཉིན་ས་ཡོམ་ཚབས་ཆེ་བརྒྱབ་སའི་ས་གནས་ཡོངས་ལ་རྟོགས་ཞིབ་གནང་མ་ཐུབ་པ་དང་། འཛམ་གླིང་ཁྱོན་ཡོངས་ནས་བལ་ཡུལ་ནང་ས་ཡོམ་གྱི་དཀའ་སྡུག་ངལ་སེལ་ཆེད་མཐུན་འགྱུར་རོགས་རམ་བྱེད་མཁན་མི་རྒྱུ་མང་པོ་འབྱོར་བཞིན་ཡོད་རུང་རི་རྒྱུད་ས་ཁུལ་ཁག་ལ་ད་ལྟ་ཡང་འབྱོར་ཐུབ་མི་འདུག བལ་ཡུལ་གྱི་འབྲེལ་མཐུད་བློན་ཆེན་Minendra Rijalཡིས་ད་རེས་བྱུང་བའི་རྐྱེན་ངན་དེ་ནི་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཡིན་ཙང་དཀའ་སྡུག་ངལ་སེལ་གྱི་ལས་དོན་སྤེལ་ཕྱོགས་ལ་སྐྱོན་ཆ་འགའ་ཤས་ཡོད་རུང་ཚེས༢༩་གཟའ་ལྷག་པའི་ཉིན་ནས་བཟུང་ཡར་རྒྱས་གཏོང་རྒྱུ་ཡིན་ལུགས་གསུངས་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ་དང་སེང་གེ་རི་བསོད་ནམས་ལྷ་མོ།