རྒྱ་ནག་གཞུང་གིས་བལ་ཡུལ་ནང་ཨ་རིའི་ཤུགས་རྐྱེན་ཡོང་བར་སེམས་འཚབ་ཆེ་བ་བྱེད་བཞིན་པ།

ཉེ་ལམ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་(Wang Yi)་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་དོན་འཚམས་གཟིགས་གྲུབ་པའི་རྗེས། འདི་ཚེས་༢༥ཉིན་བལ་ཡུལ་དུ་ཕེབས་ཏེ་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་(Narayan Khadka)་ལགས་དང་མཇལ་འཕྲད་སྐབས། བལ་ཡུལ་གྱི་མངའ་དབང་རང་བཙན་གྱི་བདག་དབང་ཐད་ཕྱི་ཕྱོགས་ནས་སུས་ཀྱང་སྣང་ཆུང་བྱེད་ཚེ་དེར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱེད་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།
ད་རེས་ཀྱི་འཚམས་གཟིགས་ཐད་བལ་ཡུལ་ནང་གནས་སྡོད་གསར་འགོད་པ་དང་ཕྱི་དྲིལ་ཐབས་བྱུས་ཉམས་ཞིབ་པ་(Parshuram Kaphel)་ལགས་ཀྱིས། ཝང་ཡེས་ཀྱིས་བལ་ཡུལ་གྱི་བདག་དབང་དང་རྒྱལ་སྲུང་ལ་སེམས་འཚབ་ཡོད་ཚུལ་གྱི་རྣམ་པ་བསྟན་པ་ཙམ་ལས་དོན་དངོས་ཐོག་རྒྱ་ནག་གཞུང་གིས་བལ་ཡུལ་ནང་ཨ་མི་ཀའི་ཤུགས་རྐྱེན་སླེབས་བཞིན་པར་སེམས་འཚབ་དང་། དེ་འགོག་ཐབས་བྱེད་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
འབྱུང་འགྱུར་བལ་ཡུལ་ནང་གི་གློག་ལ་སོགས་པའི་ནུས་པའི་འབྱུང་ཁུངས་ལ་སོགས་པའི་དཀའ་ངལ་ཁག་ཅིག་སེལ་ཐབས་སླད། ཨ་མི་རི་ཀས་༢༠༠༤ལོར་ཆེད་འཛུགས་གནང་པའི་ཚོགས་པ་(MCC)་ཡི་དམིགས་ཡུལ་ལྟར། བལ་ཡུལ་ལྷན་དུ་སྤྱི་ལོ་༢༠༡༧ལོར་ཨ་སྒོར་ས་ཡ་༥༠༠རོགས་སྐྱོར་གྱི་གྲོས་མཐུན་ལ་ཕྱོགས་གཉིས་ནས་མིང་རྟགས་བཀོད་ཡོད་པ་རེད། འོན་ཀྱང་བལ་ཡུལ་གྲོས་ཚོགས་ཀྱི་ངོས་ནས་ཨ་རིའི་གཞུང་གི་རོགས་དངུལ་དེ་ལེན་ཆོག་རྒྱུའི་ཆོག་ཆན་དེ་ཉེ་ལམ་ཟླ་བ་གཅིག་ཙམ་གྱི་སྔོན་མ་གཏོགས་གནང་ཐུབ་མེད་པ་རེད། ཉེ་ལམ་བལ་ཡུལ་གྲོས་ཚོགས་ཀྱིས་བལ་ཡུལ་གཞུང་ཕྱོགས་ནས་ཨ་རིའི་རོགས་དངུལ་དེ་བླངས་ཆོག་པའི་གྲོས་ཆོད་གཏན་འབེབས་བྱས་རྗེས་རྒྱ་ནག་གི་ངོས་ནས་དེར་གདོང་ལེན་ཤུགས་ཆེ་བྱས་ཡོད་ལ། བལ་ཡུལ་གཞུང་གིས་ཨ་རིའི་དངུལ་འབོར་དེ་ངོས་ལེན་གནང་ཡོད་པ་དེའི་རྐྱེན་གྱིས་རྒྱ་ནག་གཞུང་ལ་སེམས་འཚབ་ཆེན་པོ་བྱུང་ཡོད་པ་དང་། རྒྱ་ནག་དམར་ཤོག་གིས་བོད་བཙན་བཟུང་བྱས་པའི་རྗེས། བལ་ཡུལ་ནི་རྒྱ་ནག་གི་ལྟ་སྤྱོད་དང་མཐུན་པའི་ལས་དོན་གྲུབ་རྒྱུ་དང་ལས་སླ་པོའི་ཐོག་ནས་ཤུགས་རྐྱེན་སྤྲོད་ཡུལ་གྱི་ས་ཁུལ་ཞིག་ཏུ་གྱུར་ཡོད་པའི་གནས་བབས་དེ་མུ་མཐུད་གནས་ཐབས་སུ་རྒྱ་ནག་གཞུང་གི་ངོས་ནས་བལ་ཡུལ་ནང་ཨ་རིའི་ཤུགས་རྐྱེན་མེད་པ་བཟོ་ཐབས་བྱེད་མུས་ཡིན་པ་བལ་ཡུལ་ནང་རྟེན་གཞི་བྱས་པའི་བལ་ཡུལ་གྱི་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་(Santosh Sharma)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཝང་ཡེས་བལ་ཡུལ་ནང་སྐོར་བསྐྱོད་སྐབས། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་(Belt and Road Initiative)་གི་ལས་གཞི་ཕུད་པའི་བལ་ཡུལ་དང་རྒྱ་ནག་གཉིས་བར་འཕྲུལ་རིག་དང་དཔལ་འབྱོར་སོགས་དང་འབྲེལ་བའི་གྲོས་མཐུན་དོན་ཚན་དགུ་ཡི་ཐོག་མིང་རྟགས་བཀོད་འདུག་ཅིང་། བལ་ཡུལ་སྲིད་བློན་གྱིས་ཝང་ཡི་ལྷན་དུ་མཇལ་འཕྲད་སྐབས། བལ་ཡུལ་གཞུང་ནས་བུན་ལོན་དང་འབྲེལ་བའི་ལས་གཞི་ཁག་ད་ལྟའི་དུས་སྐབས་སུ་ངོས་ལེན་གནང་གི་མེད་པར་བརྟེན། རྒྱ་ནག་གི་ཕྱོགས་ནས་རོགས་སྐྱོར་ལས་གཞི་གང་མང་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པ་བརྗོད་འདུག
ཡང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་ལྷ་ས་ནས་བལ་ཡུལ་བར་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱེད་མུས་ཡིན་འདུག་པ་དང་། ད་ལྟའི་ཆར་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཆེད་མ་དངུལ་ཨ་སྒོར་ཐེར་འབུམ་༥༠༠ ཙམ་ཡོད་འདུག་པར་མ་ཟད། ལས་གཞི་དེའི་འོག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་༥༠ཙམ་མཉམ་ཞུགས་བྱ་རྒྱུར་རྒྱ་ནག་གཞུང་གིས་རེ་བ་བྱེད་ཀྱི་ཡོད་པ་རེད།
ཡང་ཉམས་ཞིབ་པ་(Santosh)་ལགས་ཀྱིས་མུ་མཐུད་གསུངས་ན། བལ་ཡུལ་ཡར་རྒྱས་འགྲོ་བར་གཙོ་བོ་ཕྱིའི་རོགས་སྐྱོར་འོག་འཛུགས་སྐྲུན་ལས་གཞི་གང་མང་སྤེལ་དགོས་པ་མཐོང་གི་འདུག་ལ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་། ཨ་རིའི་(MCC)་རོགས་སྐྱོར་ལས་གཞི་གཉིས་ཀ་དེ་དང་འབྲེལ་བ་ཆགས་ཀྱི་ཡོད་ཀྱང་། བལ་ཡུལ་གཞུང་གིས་ཨ་རིའི་(MCC)་རོགས་སྐྱོར་ལས་གཞི་དེ་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལས་གལ་འགངས་ཆེ་བར་ངོས་འཛིན་གནང་ཡོད་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་འདི་གའི་རླུང་འཕྲིན་ཁང་ལ་བོད་ནས་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གི་གསུངས་ན། དེང་སྐབས་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་ཁག་ཅིག་བལ་ཡུལ་དུ་ཆེད་དུ་བཏང་སྟེ་ཨ་མི་རི་ཀས་རོགས་སྐྱོར་ལས་གཞིར་སྐྱོན་བརྗོད་དང་དེའི་ཤུགས་རྐྱེན་འགོག་ཐབས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་བལ་ཡུལ་ལ་རྒྱ་གར་གཞུང་ཕྱོགས་ནས་རོགས་སྐྱོར་བྱེད་མུས་ཡིན་པ་མ་ཟད། ༢༠༡༨ནས་༡༩བར་རྒྱ་གར་གྱིས་བལ་ཡུལ་ལ་ཧིན་སྒོར་འབུམ་༦༠༥༠༠ གྱི་རོགས་དངུལ་སྤྲོད་འདུག་པ་དང་། བལ་ཡུལ་དུ་གནས་བཞུགས་ཐབས་བྱུས་ཉམས་ཞིབ་པ་(Parshuram Kaphel)་ལགས་ཀྱིས། རྒྱ་གར་ནི་བལ་ཡུལ་གྱི་མ་འོངས་པའི་མདུན་ལམ་དང་ཧ་ཅང་གི་འབྲེལ་བ་ཆགས་ཡོད་པ་དང་། ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་ཀྱང་གལ་འགངས་ཆེན་པོ་ཆགས་ཡོད་པས། ཨ་རི་དང་རྒྱ་ནག་གཉིས་ཀྱིས་བལ་ཡུལ་ནང་རྒྱ་གར་ནང་བཞིན་དམིགས་བསལ་གྱི་འབྲེལ་ལམ་དེ་འདྲ་འཛུགས་ཐུབ་རྒྱུ་ཁག་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་ཀྱིས་བལ་ཡུལ་དུ་སྤྱི་ཟླ་༣པའི་ཚེས་༢༥ནས་༢༧ བར་ཉིན་གྲངས་༣རིང་འཚམས་གཟིགས་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།