ཧིན་རྡུའི་ཆོས་ལུཌ་དུས་སྟོན་ལ་དམར་མཆོད་མཚམས་འཇོག་དགོས།
2009.10.15
༄༅༎སྟོན་པ་བཅོམ་ལྡན་འདས་ཀྱི་ལམ་དུ་ཞུགས་སྟེ་བལ་ཡུལ་ལྷོ་ཕྱོགས་ཁུལ་གྱི་ནགས་ཚལ་ནང་ལོ་མང་རིང་སྒོམ་སྒྲུབ་བྱེད་མཁན་ན་གཞོན་རཱམ་སྦ་ཧ་རྡུར་སྦམ་ཇན་ཟེར་བས་བལ་ཡུལ་ནང་རིང་མིན་ཧིན་རྡུ་ཆོས་ལུགས་ཀྱི་དུས་སྟོན་སྐབས་སེམས་ཅན་དམར་གསོད་བཏོང་བའི་ལམ་སྲོལ་མཚམས་འཇོག་དགོས་པའི་སྐོར་འབོད་སྐུལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
བལ་ཡུལ་ལྷོ་ཕྱོགས་ཁུལ་དུ་ག་རྡི་མའེ་དུས་སྟོན་ཞེས་ལོ་ལྔ་རེའི་མཚམས་སུ་ཧིན་རྡུའི་ཆོས་ལུགས་ཀྱི་དུས་སྟོན་སྲུང་བརྩི་ཞུ་སྲོལ་ཡོད་པའི་ནང་དམར་མཆོད་ཀྱི་ལམ་ནས་སེམས་ཅན་བརྒྱ་ཕྲག་མང་པོ་དམར་བསད་གཏོང་སྲོལ་ཡོད་པ་རེད། དུས་སྟོན་དེ་བཞིན་འདི་ལོ་ཕྱི་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་བཞིར་འཁེལ་གྱི་ཡོད་པ་དང་སྲོལ་རྒྱུན་གཞིར་བཟུང་ཐེངས་འདིའི་དུས་སྟོན་ཐོག་བྱ་དང་ར་ལུག་ མ་ཡེ་ ཕག་པ་སོགས་སྒོ་ཕྱུགས་སེམས་ཅན་༢༠༠༠༠༠ཙམ་དམར་གསོད་གཏོང་འཆར་ཡོད་པ་རེད། གོང་གསལ་སྦམ་ཇན་ཟེར་བའི་ན་གཞོན་སྒོམ་སྒྲུབ་པ་དེའི་བདེ་སྡུག་ལ་ལྟ་སྐྱོང་བྱེད་མཁན་ཚོགས་ཆུང་གི་ཚོགས་མི་རཱ་ཇུ་ཤན་ཟེར་བས་གསར་འགོད་པར་བརྗོད་ན་སྒོམ་སྒྲུབ་པ་སྦམ་ཇན་གྱིས་ག་རྡ་མའེ་དུས་སྟོན་གོ་སྒྲིག་ཚོགས་ཆུང་དང་མཇལ་འཕྲད་བྱས་སྟེ་ཐེངས་འདིའི་དུས་སྟོན་སྐབས་སེམས་ཅན་དམར་གསོད་མཚམས་འཇོག་ཡོང་བའི་འབོད་སྐུལ་བྱས་ཡོད་པ་རེད། ཡིན་ཡང་དུས་སྟོན་གོ་སྒྲིག་ཚོགས་ཆུང་ནས་དམར་མཆོད་མཚམས་འཇོག་བྱ་རྒྱུའི་ངོས་ལེན་བྱས་མེད་པར་སོང་སྒོམ་སྒྲུབ་པ་སྦམ་ཇན་གྱིས་དུས་སྟོན་དངོས་གཞི་སྲུང་བརྩི་ཞུ་བའི་སྐབས་བལ་ཡུལ་ལྷོ་ཕྱོགས་ཀྱི་ས་ཁུལ་ཁག་ཏུ་སྐོར་བསྐྱོད་བྱས་ཏེ་མང་ཚོགས་ལ་ཐད་ཀར་འབོད་སྐུལ་བྱེད་འཆར་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག རཱམ་སྦ་ཧ་རྡུར་སྦམ་ཇན་ཞུ་བའི་ན་གཞོན་སྒོམ་སྒྲུབ་པ་དེ་ཐོག་མར་ཉིས་སྟོང་ལྔ་ལོར་བལ་ཡུལ་ལྷོ་ཕྱོགས་ཀྱི་ནག་ཚལ་ཞིག་ནང་སྒོམ་སྒྲུབ་བྱེད་པ་བརྙེད་སོན་བྱུང་ཡོད་པ་དང་ཁོང་ལ་དད་མོས་བྱེད་མཁན་བལ་པོ་སྟོང་ཚོ་མང་པོས་སྦམ་ཇན་གྱིས་ལྟོ་དང་ཆུ་སོགས་གང་ཡང་མེད་པར་སྒོམ་སྒྲུབ་བྱེད་ཀྱི་ཡོད་ཚུལ་དང་དེ་བཞིན་ཁོང་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་སྐྱེས་ཡིན་པར་ཡང་ཡིད་ཆེས་བྱེད་མཁན་ཡོད་པ་རེད།