བལ་ཡུལ་གཞུང་གིས་བོད་མི་ཚོར་ཉེན་བརྡའི་གསལ་བསྒྲགས།
2009.03.08
༄༅༎བཙན་བྱོལ་ནང་གི་བོད་མི་ཚོས་རྒྱ་ནག་བཙན་འཛུལ་པར་ངོ་རྒོལ་བྱས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དྲན་གསོའི་ཉིན་མོ་ཉེ་བའི་སྐབས་དེར་བལ་ཡུལ་གཞུང་གིས་བོད་དང་ས་མཚམས་འཁེལ་ཡུལ་གྱི་བལ་པོའི་ས་མཚམས་ས་ཁུལ་དུ་སྲུང་སྐྱོབ་དམ་བསྒྲགས་ཆེ་རུ་བཏང་བ་མ་ཟད་བལ་པོའི་ས་མཚམས་ས་ཁུལ་ནང་ཉེན་རྟོག་པས་མྱུལ་ཞིབ་ཀྱི་ལས་དོན་གཞི་རྒྱ་ཆེ་རུ་བཏང་ཡོད་པ་རེད།
ཟླ་བ་འདིའི་ཚེས་བཅུ་རེས་གཟའ་མིག་དམར་གྱི་ཉིན་མོ་དེ་ནི་རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཆིབས་བསྒྱུར་དགོས་བྱུང་སྟེ་ད་བར་མི་ལོ་ལྔ་བཅུ་འཁོར་བའི་དྲན་གསོའི་ཉིན་མོ་དེ་བཙན་བྱོལ་སྤྱི་ཚོགས་ནང་སྲུང་བརྩི་ཞུ་རྒྱུ་ཡིན་པ་བཞིན་བལ་ཡུལ་ནང་དུ་གནས་སྡོད་བོད་མི་བཙན་བྱོལ་བ་སྟོང་ཕྲག་འགའ་ཤས་ཡོད་པ་ཚོས་དྲན་གསོའི་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུ་ཡིན་པར་བརྟེན་དེ་རིང་བལ་པོའི་གཞུང་གི་དཔོན་རིགས་སྦ་ནུ་སྦཀ་ཏ་པོཁ་རེལ་གྱིས་བཤད་དོན་ལ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྲུ་ནས་བྱང་ཕྱོགས་སུ་ཀི་ལོ་མི་ཊར་བརྒྱ་དང་ཉི་ཤུ་མཚམས་སུ་ཡོད་པའི་འགྲིམས་འགྲུལ་འགྲོ་ལམ་ཨར་ནི་ཀོ་དང་ཊ་ཊོ་པ་ནི་ས་མཚམས་ཁུལ་དེ་ཉེན་རྟོག་པ་འཕར་སྣོན་འགྲེམས་འཇོག་བྱས་ཡོད་པ་དང་ཨར་ནོ་ཀོ་ཞེས་པའི་འགྲིམས་འགྲུལ་འགྲོ་ལམ་དེ་ནི་བོད་དང་བལ་ཡུལ་བར་དུ་ཡོད་པའི་འགྲོ་ལམ་གཅིག་པོ་དེ་ཡིན་ཞིང་བལ་ཡུལ་གཞུང་ཕྱོགས་ནས་ཀྱང་བལ་ཡུལ་ནང་དུ་བོད་མི་ངོ་རྒོལ་བྱེད་མཁན་ཐོག་ལྟ་ རྟོག་ནན་པོ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། ན་ནིང་གི་གསུམ་བཅུའི་དུས་དྲན་བོད་མིའི་རང་དབང་སྒེར་ལངས་ཉིན་བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས་བལ་ཡུལ་གཞུང་གིས་བོད་མི་གང་ཞིག་གིས་རྒྱལ་ས་ཀ་ཐ་མན་དྲུའི་ནང་དུ་ཡོད་པའི་རྒྱ་མིའི་གཞུང་ཚབ་ཁང་དང་ཐོངས་མཆན་ལག་འཁྱེར་སྤྲད་ཡུལ་ལས་ཁུངས་མདུན་ངོ་རྒོལ་ལས་འགུལ་རིགས་སྤེལ་བ་ཡིན་ཚེ་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཡིན་ཞེས་ཉེན་བརྡའི་གསལ་བསྒྲགས་བྱས་ཟིན་ཡོད་པ་རེད༎