རྒྱ་ནག་གིས་རྒྱ་གར་ལ་དམག་འཁྲུག་སློང་རྒྱུའི་ཉེན་ཁ།
2010.12.28
༄༅༎རྒྱ་གར་གྱི་ཉིན་རེའི་གསར་ཤོག་ཀྲི་ཨེན་ཨེན་TNNགྱི་གསར་འགོད་པ་ན་ལྦེན་རྡུ་ཤར་མས་སྤེལ་བའི་གནས་ཚུལ་ལྟར་ན་ རྒྱ་གར་གྱི་རྩོམ་བྲིས་མཁན་ཨེ་ཇི་ནོ་ར་ནི་ཡིས་བྲིས་ཤིང་ ཉེ་ཆར་འགྲེམས་སྤེལ་བྱས་པའི་དེབ་དེའི་ནང་རྒྱ་གར་གྱི་སྲིད་བློན་དང་པོ་ཇ་ལྦ་ཧལ་ལལ་ནེ་རུར་ རྒྱ་ནག་གིས་རྒྱ་གར་ཐོག་དམག་འཁྲུག་སློང་རྒྱུའི་ཉེན་ཁ་ཡོད་ལུགས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་གི་ཚོགས་མི་ཞིག་གིས་་ཕྱི་ལོ་༡༩༥༢ ལོར་ཉེན་བརྡ་བཏང་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད་
དེ་ཡང་རྒྱ་གར་རང་བཙན་ཐོབ་པའི་རྗེས་སུ་སྐབས་དང་པོའི་གྲོས་ཚོགས་འོག་མའི་ནང་གི་སྦི་ཧར་མངའ་སྡེ་ནས་ཡིན་པའི་ཚོགས་མི་སཏ་ཡ་ན་ར་ཡན་སིན་ཧ་ཞུ་བས་སྔོན་ཆད་བཙོན་ཁང་ནང་ཞུགས་པའི་རིང་བྲིས་ཏེ་དེབ་དེའི་མིང་ལའང་རྒྱ་ནག་གིས་དམག་གི་མེ་ལྕེ་སྤར་བ་ཞེས་བཏགས་ཡོད་པ་རེད་ དེབ་དེ་བཞིན་ཐོག་མར་ཕྱི་ལོ་༡༩༦༤ལོར་དཔར་བསྐྲུན་བྱས་པ་མ་ཟད་དེབ་དེའི་སྔོན་བརྗོད་ཀྱང་སྐབས་དེའི་རྒྱ་གར་གྱི་དམག་སྤྱི་མཐོ་ཤོས་ཀེ་ཨེསི་ཐི་མ་ཡེ་མཆོག་གིས་བྲིས་གནང་ཡོད་པ་རེད་ ཁོང་གིས་དེབ་དེའི་ནང་ངས་ཕྱི་ལོ་༡༩༥༢ལོའི་ཕྱི་ཟླ་༦པའི་ཚེས་ ༡༡ཉིན་སྲིད་བློན་ནེ་རུ་དང་རྒྱ་གར་གྱི་མི་མང་ཚོར་ ངས་ཁྱེད་རང་ཚོར་ཉེན་བརྡ་ཞིག་གཏོང་འདོད་ཡོད་ དེ་ནི་རྒྱ་ནག་གིས་ང་ཚོའི་ཐོག་ལ་དམག་རྒྱབ་རྒྱུའི་དུས་ཚོད་ཅིག་སླེབས་སྲིད་པ་རེད་ བྱས་ཙང་རྒྱ་ནག་གི་ཉེན་ཁར་ཁ་གཏད་འདྲ་འདྲ་གཅོག་ཐུབ་པའི་སླད་དུ་ང་ཚོའི་ངོས་ནས་གྲ་སྒྲིག་ཨང་སར་ངང་སྡོད་དགོད་ཀྱི་རེད་ཅེས་གྲོས་ཚོགས་ནང་ལ་བཤད་པ་ཡིན་ཞེས་དེབ་དེའི་ནང་བཀོད་ཡོད་པ་རེད།