ཁ་ཆེའི་མཁས་དབང་ཚོས་ཨི་སི་རེལ་ལ་གནོན་ཤུགས་སྤྲོད་ཐབས།
2009.01.03
༄༅༎ཨི་སི་རེལ་གྱིས་གའ་ཛ་ལུང་ཤོང་ཐོག་དྲག་རྒོལ་བྱེད་རྒྱུ་མཚམས་འཇོག་བྱ་ཐབས་སླད་ཁ་ཆེའི་མཁས་དབང་ཁག་གིས་ཨ་རབ་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོར་གནོན་ཤུགས་སྤྲོད་ཐབས་གནང་བཞིན་པ་ཡིན་པ་རེད།
ཐབས་བྱུས་དེའི་ཁོངས་སུ་གཞན་གྱི་ཀུན་སློང་དང་ཆབ་སྲིད་ཐོག་ལ་ཤུགས་རྐྱེན་གཏང་རྒྱུའི་ནུས་ཤུགས་ལྡན་པའི་ཁ་ཆེའི་ཆོས་ལུགས་ཁོངས་ནས་སུའུ་ནིའི་ཆོས་དཔོན་ཤེཀ་ཡུ་སུཕ་ཁ་ར་རྡ་ལྦི་ཡིས་སྣེ་ཁྲིད་དེ་མཁས་དབང་རྣམ་པའི་སྐུ་ཚབ་ཚོས་ཁ་ས་ཁའ་ཏའར་གྱི་རྒྱལ་པོ་ཤེཀ་ཧ་མརྡ་སྦིན་ཁ་ལི་ཕ་ཨལ་ཐུ་ནི་མཇལ་འཕྲད་གནང་ཡོད་པ་དང་བདུན་ཕྲག་རྗེས་མའི་ནང་ཁོང་རྣམ་ཚོས་སོའུ་རྡི་ཨ་རེ་སྦི་ཡའི་རྒྱལ་པོ་ཨབ་རྡུ་ལའ་དང་སི་རི་ཡའི་སྲིད་འཛིན་སྦ་ཤར་ཨལ་ཨ་སའརྡ་མཆོག་མཇལ་འཕྲད་གནང་རྒྱུ་དང་དེ་ནས་རིམ་པས་བྱས་ཏེ་ཨི་ཇིབ་ཏི་དང་ཇོར་ཌེན།ཀྲར་ཀི་བཅས་ཀྱི་དབུ་ཁྲིད་ཚོས་དང་ལྷན་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད། ཁ་ཆེའི་མཁས་དབང་ཁག་གིས་ཁ་ས་འགྲེམས་སྤེལ་གནང་བའི་གཏམ་བཤད་ནང་ཨ་རབ་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ཨི་སི་རེལ་མཉམ་དུ་ཆབ་སྲིད་དང་ཕྱི་འབྲེལ་བྱ་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་རང་ཉིད་ཀྱི་དབང་ཆ་དང་སྟོབས་ཤུགས་གང་ཡོད་བེད་སྤྱོད་བཏང་སྟེ་ཨི་སི་རེལ་གྱིས་གའ་ཛ་ལུང་ཤོང་ཐོག་དྲག་རྒོལ་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་ཆགས་སྒོ་ཕོག་པའི་གའ་ཛ་ལུང་ཤོང་ནང་གི་མི་མང་ཚོར་ཁ་ཚ་དགོས་གཏུགས་ཀྱི་བཟའ་བཅའ་དང་སྨན་དང་འཕྲོད་བསྟེན་གྱི་རོགས་སྐྱོབ་སྤྲོད་ཐབས་བྱེད་དགོས་པ་སོགས་ཀྱི་དགོས་འདུན་བཀོད་ཡོད་པ་རེད་ལ་དེ་དང་སྦྲགས་པེ་ལེསི་ཀྲིན་སྒྲིགས་འཛུགས་ཀྱི་ཚོགས་གཙོ་མའ་མུརྡ་ཨ་སྦ་སེ་མཆོག་དང་གའ་ཛ་ལུང་ཤོང་ཐོག་དབང་འཛིན་བྱེད་མཁན་ཧ་མ་སེ་ཚོགས་པའི་འགོ་ཁྲིད་ཨིསི་མེལ་ཧ་ནི་ཡའི་དབར་གྱི་ལྟ་གྲུབ་ཀྱི་འགལ་ཟླ་དེ་དག་འདུམ་སྒྲིག་གནང་དགོས་པ་དང་ཛ་དྲག་ཅན་གྱི་གནས་ཚུལ་དེ་ལ་གདོང་ལེན་གནང་ཕྱིར་ཨ་རབ་དང་ཁ་ཆེའི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པ་ཚོའི་དབར་ཆེས་མཐོའི་ཛ་དྲག་ཚོགས་འདུ་སྐོངས་དགོས་ཀྱི་རེད་སོགས་ཁ་ཆེའི་མཁས་དབང་རྣམ་པ་ཚོས་སྐུལ་འདེབས་ནན་པོ་གནང་ཡོད་པ་རེད༎