རྒྱ་གར་གྱི་མུམ་སྦའེ་གྲོང་ཁྱེར་གྱི་རྒོལ་གཏོར་དེའི་སྐོར་གྱི་དཔྱད་རྩོམ།
2008.12.09
༄༅༎པ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་མཆོག་གིས་རྒྱ་གར་གྱི་མུམ་སྦའེ་གྲོང་ཁྱེར་གྱི་ནང་འཇིགས་སྐུལ་དྲག་ལས་སྤེལ་བ་དེ་ནི་གཙོ་བོ་རྒྱ་གར་དང་པ་ཀི་སི་ཐན་དབར་འགྲོ་བཞིན་པའི་ཞི་མཐུན་འགྲིགས་འཇགས་ཀྱི་ལས་དོན་ལ་དོ་ཕོག་གཏོང་རྒྱུ་དང་ཁྱིམ་མཚེས་ཡུལ་གྲུའི་དབར་དྲག་ཟིང་སློངས་ཐབས་སུ་དམིགས་པ་ཞིག་རེད་ཅེས་ཨ་རིའི་ཉིན་རེའི་གསར་ཤོག་ནིའུ་ཡག་དུས་བབ་ཀྱི་ནང་དཔྱད་རྩོམ་ཞིག་སྤེལ་ཡོད་པ་དེའི་ནང་གསུངས་འདུག
ད་དུང་པ་ཀི་སི་ཐན་གྱི་སྲིད་འཛིན་གྱིས་བྲིས་པའི་རྩོམ་ཡིག་དེའི་ནང་མུམ་སྦའེ་གྱི་དྲག་ལས་དེ་བཞིན་རྒྱ་གར་གཅིག་པུར་དམིགས་པ་ཞིག་མིན་པར་དེ་ནི་པ་ཀི་སི་ཐན་གྱི་མར་གཙོའི་གཞུང་གསར་པར་ཡང་དམིགས་པ་ཞིག་ཡིན་པ་གསུངས་ཡོད་ལ་ཁོང་གིས་རྒྱ་གར་དང་པ་ཀི་སི་ཐན་གཞུང་གཉིས་ཀས་ཞི་མཐུན་འགྲིགས་འཇགས་ཀྱི་ལས་དོན་དང་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་གདོང་ལེན་བྱ་རྒྱུའི་ལས་དོན་གྱི་ནུས་པ་སྔར་ལས་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་མ་ཡང་གནང་ཡོད་པ་རེད།
ཡང་དཔྱད་རྩོམ་དེའི་ནང་པ་ཀི་སི་ཐན་གྱི་སྲིད་འཛིན་ཛར་རྡ་རི་མཆོག་གིས་མུམ་སྦའེ་གྲོང་ཁྱེར་ནང་གི་དྲག་ལས་ཀྱི་གནས་ཚུལ་དེ་འཛམ་གླིང་ཐོག་གསར་འགྱུར་ཙམ་ཡིན་སྲིད་ན་ཡང་ངས་གནས་ཚུལ་དེ་སོ་སོའི་ཐོག་མྱོང་པའི་ཐུན་མོང་བའི་སྡུག་བསྔལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་ངས་རྒྱ་གར་ཐོག་བྱུང་བའི་ན་ཚ་དེ་ངོས་འཛིན་ཐུབ་ཀྱི་འདུག་ལ་དཀའ་སྡུག་མཉམ་སྤྱོད་ཀྱི་ཚོར་བ་དྲག་པོ་ཞིག་ཀྱང་ཡོང་གི་འདུག ངས་རྒྱ་གར་མི་དམངས་ཀྱི་སྡུག་བསྔལ་དེ་ངོས་རང་གི་བུ་ཕྲུག་ཚོའི་མིག་ནང་བལྟ་སྐབས་གསལ་པོར་མཐོང་ཐུབ་ཀྱི་འདུག་ཅེས་གསུངས་འདུག