སོག་ཡུལ་གྱི་མང་གཙོ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བ།


2015.07.29
སོག་པོའི་སྲིད་འཛིན་Elbegdorjམཆོག་གིས་མང་གཙོ་དུས་ཆེན་ཉིན་གཏམ་བཤད་གནང་བཞིན་པ། ༢༠༡༥།༧།༢༩ སོག་པོའི་སྲིད་འཛིན་Elbegdorjམཆོག་གིས་མང་གཙོ་དུས་ཆེན་ཉིན་གཏམ་བཤད་གནང་བཞིན་པ། ༢༠༡༥།༧།༢༩
AFP

སོག་ཡུལ་ནང་མང་གཙོ་དབུ་བརྙེས་བ་དང་མང་གཙོའི་ལམ་ནས་ཡུལ་གྱི་དབུ་ཁྲིད་འོས་འདེམས་གནང་ནས་ད་བར་མི་ལོ་ཉེར་ལྔ་འཁོར་ཡོད་པ་རེད།
དེ་ཡང་སོག་ཡུལ་ནང་མང་གཙོའི་ལམ་ནས་ཡུལ་གྱི་དབུ་ཁྲིད་འོས་འདེམས་ཐོག་མ་དེ་གནང་ནས་ད་ཆ་མི་ལོ་༢༥ཧྲིལ་བུར་འཁོར་བའི་དུས་དྲན་དེ་རིང་ཚེས་༢༩ཉིན་སྲུང་བརྩི་ཞུས་ཡོད་པ་དང་། སྲིད་འཛིན་Elbegdorjམཆོག་གིས་འདས་པའི་མི་ལོ་ཉི་ཤུ་རྩ་ལྔ་རིང་སོག་ཡུལ་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཤུགས་ཆེ་ཕྱིན་ཡོད་ལུགས་གསུངས་འདུག
སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་དང་ཨུ་རུ་སུའི་བར་དུ་ཆགས་པའི་སོག་ཡུལ་དེ་མི་ལོ་༢༥གོང་དམར་པོའི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་ལོ་བཅུ་ཕྲག་བདུན་ཙམ་རིང་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་སྒྱུར་བྱས་པའི་རྗེས། ད་ལྟའི་སྲིད་འཛིན་མཆོག་སློབ་ཕྲུག་ཡིན་པའི་སྐབས་ཁོང་གིས་དབུ་ཁྲིད་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྐྱེན་གྱིས་རིམ་པས་སོག་ཡུལ་ནང་འགྱུར་བ་ཆེན་པོ་བྱུང་བ་ཞིག་ཡིན་ལུགས་སྲིད་འཛིན་Elbegdorjམཆོག་གིས་དུས་དྲན་སྲུང་བརྩི་ཞུ་བའི་སྐབས་གསུངས་འདུག
སོག་པོའི་མི་མང་གིས་ད་བར་ཞི་བདེ་བག་ཕེབས་ཀྱི་ངང་གྲོས་ཚོགས་དང་། སྲིད་འཛིན་གྱི་འོས་བསྡུ་ཐེངས་༡༣ཙམ་གནང་ཡོད་པ་རེད། སོག་ཡུལ་ནི་གསེར་དང་དངུལ། ཟངས་སོགས་གཏེར་རྫས་སྣ་ཚོགས་ཐོན་ཁུངས་ཆེ་བའི་ཡུལ་ཞིག་ཡིན་པ་དང་། གཏེར་རྫས་ཕྱི་ཚོང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་མ་འཛུགས་བྱ་མཁན་མང་བའི་ཆ་ནས་ཕྱི་ལོ་༢༠༡༡ལོར་སོག་ཡུལ་ལ་སྔོན་ཆད་བྱུང་མྱོང་མེད་པའི་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་༡༧དང་ཕྱེད་ཀ་ཙམ་བྱུང་ཡོད་པ་རེད། འོན་ཀྱང་ཕྱི་ནས་མ་འཛུགས་བྱ་ཕྱོགས་དང་། གཏེར་རྫས་བསྔོག་འདོན་དང་ཕྱི་ཚོང་བྱ་ཕྱོགས་ཀྱི་ཐོག་དགོངས་ཚུལ་མ་མཐུན་པ་དང་། ཚུལ་མཐུན་གྱི་བྱེད་སྒོ་མེད་པའི་ཆ་ནས་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་ཡོང་བཞིན་པ་རེད།
ཨེ་ཤེ་ཡའི་དངུལ་ཁང་ཆེན་མོས་འདི་ལོ་སོག་པོར་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་༣ཙམ་ཡོང་བ་དང་། ཕྱི་ལོ་༢༠༡༦ལོར་བརྒྱ་ཆ་༥ཙམ་ཡོང་བའི་ཚོད་དཔག་གནང་ཡོད་འདུག
སོག་པོའི་སྲིད་བློན་Chimediin Saikhanbilegམཆོག་གིས། ཕྱི་རྒྱལ་གྱི་མ་འཛུགས་བྱ་མཁན་ལ་མཛའ་མཐུན་གྱི་བལྟ་བ་འཛིན་གྱི་ཡོད་པ་དང་། ཁོང་གིས་མ་འོངས་སོག་ཡུལ་དེ་བཞིན་འབྱོར་ལྡན་གྱི་ཡུལ་ཞིག་ཆགས་པའི་རེ་བ་གནང་གི་ཡོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎