རྒྱ་གར་གྱི་བློན་ཆེན་ཞིག་བལ་བོད་ས་མཚམས་སུ་ལུས་།
2011.06.20
༄༅༎རྒྱ་གར་གྱི་ཨན་རྡར་པར་རྡེཤ་མངའ་སྡེའི་བློན་ཆེན་ཞིག་དང་ཁོང་གི་ལྷན་དུ་ཡོད་པའི་རྒྱ་གར་བ་མི་གྲངས་ ༡༣ བོད་དང་བལ་ཡུལ་གྱི་ས་མཚམས་སུ་ལུས་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་གར་གྱི་བློན་ཆེན་སྐུ་ཞབས་ཀན་ན་ལཤི་མི་ན་ར་ཡ་ན་དང་ཁོང་གི་ཕྱག་རོགས་རྣམས་བལ་ཡུལ་དང་བོད་ཀྱི་མཚོ་མ་ཕམ་གཡུ་མཚོ་དང་གངས་རིན་པོ་ཆེ་མཇལ་བར་བསྐྱོད་སྐབས་ཁོང་རྣམས་བོད་དང་བལ་ཡུལ་གྱི་ས་མཚམས་ཧིལ་ས་ཞེས་པའི་ས་ཁུལ་དུ་ལུས་ཡོད་པ་རེད་ ཁོང་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཕྱི་ཚེས་ ༡༡ ཉིན་ཐོན་གནང་ནས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུ་དང་ནེ་པལ་གནཇ། སི་མི་ཀོཏ། ཏཀ་ལ་ཀོཏ་ བོད་ཀྱི་མཚོ་མ་ཕམ་གཡུ་མཚོ་དང་གངས་རིན་པོ་ཆེ་མཇལ་རྒྱུའི་འཆར་གཞི་ཡོད་པ་རེད་ ཁོང་རྣམས་བལ་ཡུལ་གྱི་ཧིལ་ས་ཞེས་པའི་ས་གནས་ནས་སི་མི་ཀོཏ་ཞེས་པའི་ས་གནས་སུ་བསྐྱོད་རྒྱུར་ཆེད་གླས་འགྲུལ་སྐྱེལ་ལས་ཁང་དེས་ཐད་འཕུར་གནམ་གྲུ་དུས་ཐོག་གོ་སྒྲིག་མ་ཐུབ་པའི་དབང་གིས་ཧིལ་ས་ཞེས་པའི་ས་གནས་དེར་ལུས་ཡོད་པ་རེད་ རྒྱ་གར་གྱི་ཧིན་རྡུ་ཞེས་པའི་གསར་ཤོག་དེས་རེས་གཟའ་ཉི་མ་ཉིན་བློན་ཆེན་ལཤི་མི་ན་ར་ཡ་ན་ལ་ལག་འཁྱེར་ཁ་དཔར་ཐོག་འབྲེལ་བ་ཞུས་སྐབས་ཁོང་གིས་ཁོང་རྣམས་ཧིལ་ས་ཞེས་པའི་ས་གནས་དེར་ལུས་ཡོད་པ་དང་ཁོང་གིས་ཆེད་གླས་གནང་བའི་འགྲིམས་འགྲུལ་ལས་ཁང་དེས་ཁོང་རྣམས་ས་གནས་ནས་ཕྱིར་ལེན་དགོས་པའི་ཞུ་འབོད་ལ་དོན་འབྲས་སོན་མེད་སྐོར་གསུང་འདུག ཨན་རྡ་ར་པར་རྡེཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨེན་ཀི་རན་རེ་དྲི་མཆོག་གིས་བློན་ཆེན་ལཤི་མི་ན་ར་ཡ་ན་ཡི་ད་ལྟའི་གནས་བབ་ཐོག་ཐུགས་འཚབ་ཡོད་པ་དང་ཁོང་གིས་རྒྱ་གར་དབུས་གཞུང་གི་བདེ་སྲུང་དང་ཕྱི་སྲིད་ལྷན་ཁང་མ་ཟད་བལ་ཡུལ་ནང་ཡོད་པའི་རྒྱ་གར་གྱི་གཞུང་ལས་ཚབ་ཁང་ནས་བློན་ཆེན་དང་ཁོང་གི་ཕྱག་རོགས་རྣམས་ས་གནས་ནས་ཉེན་སྐྱོབ་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་ ཡིན་ནའང་བློན་ཆེན་མཆོག་གི་འགྲིམས་འགྲུལ་ལས་ཁང་དེས་ཁོང་རྣམས་རེས་གཟའ་ཟླ་བའི་སྔ་ཐོག་ས་གནས་ནས་ཕྱིར་ཐོན་་གནང་ཟིན་ཡོད་པ་དང་དཀའ་རྙོགས་དེ་བློན་ཆེན་རང་ཉིད་ཀྱིས་འགྲིམས་འགྲུལ་ཐོག་ཉིན་གཅིག་སྔ་སྣུར་བྱས་པ་ནས་བྱུང་བ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་བཞག