བཀའ་བློན་ཁྲི་པ་མཆོག་ནས་སློབ་ཕྲུག་དང་བགྲོ་གླེང་གནང་བ།
2010.06.30
༄༅༎ཉེ་ཆར་ཕྱི་ཚེས་༢༦རེས་གཟའ་སྤེན་པའི་ཉིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ རྡ་ཤོད་མེས་དབོན་དཔེ་སྟོན་སློབ་གྲྭར་ཕེབས་ནས་སློབ་ཕྲུག་ཚོ་དང་ལྷན་ཞུགས་ཕྱག་ཚོད་གཉིས་རིང་ཕན་ཚུན་བགྲོ་གླེང་གནང་འདུག།
བཀའ་བློན་ཁྲི་པ་མཆོག་གིས་མེས་དབོན་དཔེ་སྟོན་སློབ་གྲྭའི་འཛིན་རིམ་དྲུག་པ་དང་བདུན་པའི་སློབ་ཕྲུག་ཚོར་བློ་སྦྱོང་བྱེད་སྟངས་སྐོར་འགྲེལ་བཤད་གནང་ཡོད་པ་དང༌། སློབ་ཕྲུག་ཚོའི་ངོས་ནས་ཀྱང་བཀའ་ཁྲི་མཆོག་ལ་བཀའ་བློན་ཁྲི་པའི་འོས་བསྡུ་དང་ཁོར་ཡུག། བུད་མེད་ཀྱི་ནུས་སྟོབས་བཅས་ཀྱི་སྐོར་བཀའ་འདྲི་འདྲ་མིན་ཞུས་པར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ལན་གནང་འདུག།
དྲི་བ་ཞུ་མཁན་སློབ་ཕྲུག་ཚོ་ལོ་༡༠ནས་༡༣བར་ཡིན་པ་དང༌། ཁོང་ཚོའི་གྲས་ནས་བུ་མོ་ངག་དབང་དབང་མོས་ བོད་པའི་སྐད་ཡིག་དེ་གལ་ཆེན་པོ་ཡིན་དགོས་པའི་རྒྱུ་མཚན་བཀའ་འདྲི་ཞུས་འདུག་པར། བཀའ་ཁྲི་མཆོག་གིས་ བོད་ཀྱི་ཡི་གེའི་འབྱུང་ཁུངས་
སམ་ཀྲི་ཏ་ཡིན་པ་དང། དཔལ་ཎ་ལེན་ཌ་ནས་འཆད་པའི་བོད་ཀྱི་ནང་ཆོས་དེ་བོད་ཡིག་ཐོག་ནས་ཤེས་རྟོགས་ཡག་པོ་ཐུབ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་སྟེ། སྔར་བོད་ཀྱི་ལོ་པཎ་རྣམ་པ་ཚོས་ནང་པའི་བཀའ་དང་བསྟན་བཅོས་མང་པོ་ཞིག་བོད་ཡིག་ནང་ཕབ་བསྒྱུར་གནང་ཡོད་སྟབས། བོད་པའི་སྐད་ཡིག་དེ་སྐད་ཡིག་ཕྱུག་པོ་ཞིག་ཡིན་སྐོར་བཀའ་གནང་འདུག་པ་མ་ཟད། བོད་པ་ཚོས་སོ་སོའི་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་དོན་དུ་བོད་སྐད་ཤེས་དགོས་ཡག་དེ་གལ་ཆེ་ཡིན་པའི་དྲན་སྐུལ་ཡང་གནང་འདུག། དེ་བཞིན་བཀའ་ཁྲི་མཆོག་གིས་ བོད་ཀྱི་རིག་གཞུང་ཐོག་གཞི་བཞག་པའི་ནང་ཆོས་ཀྱིས་ འཛམ་གླིང་སྤྱི་ལ་ཕན་ནུས་འབྲེལ་ཐུབ་པའི་ནུས་པ་ཧ་ཅང་ཆེན་པོ་ཡོད་སྐོར་སློབ་ཕྲུག་ཚོར་བཀའ་གནང་བཞག།
བཀའ་བློན་ཁྲི་མཆོག་དང་ལྷན་དུ་བགྲོ་གླེང་ཞུས་པའི་ལས་རིམ་ནང་ཁྱོན་སློབ་ཕྲུག་༦༧ཡོད་པ་དང༌། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཐོག་གཞི་བཞག་ནས་༢༠༠༥ལོར་གསར་འཛུགས་གནང་བའི་མེས་དབོན་དཔེ་སྟོན་སློབ་གྲྭར་བཀའ་བློན་ཁྲི་པ་མཆོག་ཕེབས་པ་ད་རེས་ཐེངས་གསུམ་པ་དེ་ཡིན་པ་རེད།