རྒྱ་གར་མའོ་གྱེན་ལོག་པ་ཚོས་གཞུང་དང་ཞི་མོལ་བྱ་འདོད་ཡོད་པ།

རྒྱ་གར་གྱི་ཆ་ཏིསི་གར་མངའ་སྡེའི་ནང་ཡོད་པའི་མའོ་གྱེན་ལོག་པ་ཚོས་མངའ་སྡེའི་གཞུང་དང་ཞི་མོལ་བྱ་འདོད་ཡོད་པའི་འདུན་པ་བཏོན་ཡོད་པ་རེད།

2009.01.31

༄༅༎རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་ཆ་ཏིསི་གར་མངའ་སྡེའི་ནང་ཡོད་པའི་མའོ་གྱེན་ལོག་པ་ཚོས་མངའ་སྡེའི་གཞུང་དང་ཞི་མོལ་བྱ་འདོད་ཡོད་པའི་འདུན་པ་བཏོན་ཞིང་འོན་ཀྱང་ཕྱོགས་ཕན་ཚུན་དབར་ཡིད་ཆེས་དགོས་གལ་ཆེ་ལུགས་བརྗོད་འདུག

ཆ་ཏིསི་གར་མངའ་སྡེའི་ནང་ཡོད་པའི་མའོ་གྱེན་ལོག་པ་ཚོའི་ཐོག་ས་གནས་ཉེན་རྟོག་པས་ཕར་རྒོལ་ཤུགས་ཆེ་བྱས་ཏེ་གྱེན་ལོག་པ་ཚོ་ས་ཁུལ་དེའི་ནང་ཉེན་གཡོལ་ཆེད་གབ་ཡིབ་བྱས་དགོས་པ་ཆགས་ཡོད་འདུག་ཅིང་གྱེན་ལོག་པ་ཚོས་ས་གནས་གཞུང་དང་ཞི་མོལ་བྱ་འདོད་ཡོད་པའི་འདུན་པར་ས་གནས་གཞུང་གིས་དགའ་བསུ་བྱས་ཡོད་པ་རེད། མའོ་གྱེན་ལོག་སྒྲིག་འཛུགས་འདི་རིགས་ཕྱི་ལོ་༡༩༦༧ལོའི་ཞིང་པའི་སྒེར་ལངས་ལས་འགུལ་སྐབས་འགོ་བཙུགས་པ་དང་གྱེན་ལོག་གི་སྒྲིག་འཛུགས་འདི་འདྲ་བ་རྒྱ་གར་གྱི་མངའ་སྡེ་གཞན་གྱི་ནང་ལ་ཡོད་ཅིང་ཆ་ཏིསི་གར་ནང་གི་མའོ་གྱེན་ལོག་པའི་སྒྲིག་འཛུགས་འདི་ནི་རྒྱ་གར་ནང་གི་མའོ་གྱེན་ལོག་སྒྲིག་འཛུགས་ནང་གི་སྟོབས་ཆེ་ཤོས་དེ་ཡིན་པར་ཡོངས་གྲགས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གཟའ་སྤེན་པའི་ཉིན་གྱེན་ལོག་པ་ཚོས་ས་གནས་གཞུང་དང་ཞི་མོལ་བྱ་འདོད་ཡོད་པའི་གསལ་བསྒྲགས་སྤེལ་བ་དེའི་ནང་ཞི་མོལ་གྱི་ཆ་རྐྱེན་དུ་མངའ་སྡེའི་གཞུང་གི་ངོས་ནས་བཟང་ལན་དང་ཕན་ཐོགས་ལྡན་པའི་འཆར་གཞི་ཡོད་དགོས་པ་དང་ཤིང་ནགས་ཁུལ་གནས་པའི་ས་གནས་གྲངས་ཉུང་མི་རིགས་ཚོའི་ཐོག་དྲག་གནོན་མཚམས་འཇོག་ངེས་པར་བྱ་དགོས་རྒྱུའི་དགོས་འདུན་བཏོན་ཡོད་པ་རེད།

ད་དུང་གསལ་བསྒྲགས་དེའི་ནང་ཞི་མོལ་འགོ་འཛུགས་ཡོང་རྒྱུར་ཕན་ཚུན་ཡིད་ཆེས་འབྱུང་ཐབས་ཀྱི་ཁོར་ཡུག་ངེས་པར་བསྐྲུན་དགོས་ལུགས་བརྗོད་འདུག རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་མའོ་གྱེན་ལོག་གི་གནད་དོན་འདི་ནི་རྒྱ་གར་རྒྱལ་ནང་གི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་གནད་དོན་ཆེ་ཤོས་དེ་ཡིན་པ་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎