བལ་ཡུལ་མའོ་ཚོགས་པའི་འཐུས་མི་ཚོས་གྲོས་ཚོགས་ནང་ངོ་རྒོལ།
2009.07.26
༄༅༎བལ་ཡུལ་གཞུང་གིས་རྒྱ་གར་ནས་གོ་མཚོན་མཁོ་སྒྲུབ་བྱ་འཆར་ཡོད་ལུགས་བལ་ཡུལ་མའོ་དམར་ཤོག་ཚོགས་པས་སྐྱོན་འཛུགས་བྱས་ཏེ་གྲོས་ཚོགས་ལས་རིམ་བཀག་སྡོམ་བྱས་འདུག
དེ་སྔོན་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཆེ་ཁག་རྣམས་ཀྱིས་ཁྱབ་ཆེ་བའི་ཞི་འགྲིག་ཆིངས་དོན་བཞག་པའི་དགོངས་དོན་དང་འགལ་འཛོལ་ཡིན་ལུགས་མའོ་དམར་ཤོག་ཚོགས་པས་བཤད་དེ་གྲོས་ཚོགས་ནང་མའོ་དམར་ཤོག་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་གྲོས་ཚོགས་ནང་ངོ་རྒོལ་སྐད་འབོད་བརྒྱབ་སྟེ་གྲོས་ཚོགས་སྔར་རྒྱུན་ལྟར་ཚོགས་དུ་མ་བཅུག་པར་བརྟེན་གྲོས་ཚོགས་ཚོགས་གཙོ་སུའུ་སྦ་ཤེ་ཅན་རྡར་ནེམ་ལྦང་གིས་སང་ཉིན་བར་གྲོས་ཚོགས་གྲོལ་བའི་བརྡ་ཁྱབ་གནང་འདུག མའོ་དམར་ཤོག་ཚོགས་པའི་གྲོས་ཚོགས་འཐུས་མིའི་འགོ་ཁྲིད་གཞོན་པ་ན་ར་ཡན་ཀ་ཛི་ཤེ་རེ་སི་ཐ་ཡིས་གསར་འགོད་པར་འགྲེལ་བརྗོད་གནང་དོན་ལྟར་ན་བལ་ཡུལ་གཞུང་གིས་རྒྱ་གར་ནས་གོ་མཚོན་མཁོ་སྒྲུབ་བྱེད་པ་ནི་དེ་སྔོན་སྲིད་དོན་ཚོགས་པ་ཁག་གིས་བཞག་གནང་མཛད་པའི་ཞི་འགྲིག་ཆིངས་དོན་དང་འགལ་འཛོལ་དང་ཞི་འགྲིག་མཚམས་འཇོག་དང་དམག་འཐབ་གསལ་བསྒྲགས་བྱས་པ་མ་ཟད་རྩ་ཁྲིམས་གསར་བཟོའི་འཐུས་མིའི་ལྷན་ཚོགས་རྩ་གྲོལ་གཏོང་རྒྱུའི་གཞུང་གི་ངན་བྱུས་ཡིན་པར་མའོ་དམར་ཤོག་ཚོགས་པས་ངོས་འཛིན་བྱེད་ཀྱི་ཡོད་ལུགས་བཤད་ཡོད་པ་རེད། ཡང་བལ་ཡུལ་གཞུང་གིས་མའོ་དམར་ཤོག་ཚོགས་པའི་དྲག་སྤྱོད་པ་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་གཏོང་རྒྱུའི་མཚོན་པས་དེ་སྔ་བཞག་པའི་ཁྱབ་ཆེའི་ཆིངས་དོན་གྱི་འབྲུ་དོན་ཡོངས་རྫོགས་ལག་བསྟར་བྱ་རྒྱུའི་ཁས་ལེན་མ་གནང་བར་དེ་སྲིད་དུ་གྲོས་ཚོགས་ནང་ངོ་རྒོལ་ལས་འགུལ་མུ་མཐུད་བྱ་རྒྱུ་ཡིན་ལུགས་བསྐྱར་བཤད་གནང་ཡོད་པ་རེད། དེའི་སྔོན་དུ་མའོ་དམར་ཤོག་ཚོགས་པའི་ཚོགས་འདུ་ཞིག་འགོ་ཁྲིད་པཱ་ར་ཅན་རྡ་བཞུགས་གནས་སུ་ཚོགས་ཡོད་ཅིང་རྒྱ་གར་ནས་གོ་མཚོན་མཁོ་སྒྲུབ་ཀྱི་གནད་དོན་ཁ་གསལ་མ་ཆགས་བར་མའོ་དམར་ཤོག་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་གྲོས་ཚོགས་ཀྱི་ལས་རིམ་ནང་མ་བཞུགས་པར་ངོ་རྒོལ་བྱ་རྒྱུའི་ཐག་གཅོད་བྱས་འདུག།