ཧིན་རྡི་བལ་ཡུལ་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་བྱེད་མིན།
2009.06.09
༄༅༎བལ་ཡུལ་གྱི་མ་རྡེ་ཤི་ཟེར་བའི་མི་རིགས་ཀྱི་སྲིད་དོན་ཚོགས་པ་ཁག་གིས་ཡུལ་དེའི་རྩ་ཁྲིམས་གསར་པའི་ནང་བལ་པོའི་སྐད་ཡིག་མཉམ་དུ་ཧིན་རྡི་ཡང་གཞུང་འབྲེལ་སྐད་ཡིག་བཟོ་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་ཚོགས་པ་གསུམ་གྱི་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཧིན་རྡུའི་སྐད་ཡིག་དེ་ཡང་དབུས་གཞུང་གི་གཞུང་འབྲེལ་སྐད་ཡིག་བཟོ་དགོས་སྐོར་ཁ་ས་རིག་གཞུང་གི་གཞི་རྩ་ཐག་གཅོད་དང་སྤྱི་ཚོགས་ཆིག་སྒྲིལ་ཞེས་པའི་ཚོགས་ཆུང་གི་ཚོགས་འདུའི་ཐོག་འབོད་སྐུལ་གནང་འདུག ཡིན་ནའི་སྲིད་དོན་ཚོགས་པ་གཞན་ཁག་གིས་དེར་ངོ་རྒོལ་དྲག་པོ་གནང་འདུག ཨེམ་ཇེ་ཨེཕ་ཞེས་པའི་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེ་རམ་ཡ་རྡལྦ་ཡིས་བལ་ཡུལ་དབུས་གཞུང་གི་གཞུང་འབྲེལ་ལས་དོན་ནང་ཧིན་རྡིའི་སྐད་ཡིག་བེད་སྤྱོད་བྱེད་དགོས་སྐོར་ང་ཚོས་དགོས་འདུན་བཏོན་པ་དེའི་སྐོར་བགྲོ་གླེང་བྱེད་དོན་མེད་ལུགས་ཀྱང་གསུངས་འདུག ཡིན་ནའི་ཡུ་ཨེམ་ཨེལ་ཞེས་བལ་ཡལ་གྱི་དམར་ཤོག་ཚོགས་པའི་འཐུས་མི་ནེ་ཏྲ་པན་ཐི་ཡིས་བལ་ཡུལ་དེ་བཞིན་སྐད་ཡིག་མང་པོ་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་བསམ་ཚུལ་བཏོན་ཟིན་པ་སོང་ཙང་གོང་ཞུས་ཚོགས་ཆུང་དེས་གནད་དོན་དེ་སེལ་ཐབས་དགོས་སྐོར་གསུངས་འདུག ཡང་ནེ་པ་ལི་ཀོང་རེ་སི་ཚོགས་པའི་འཐུས་མི་ཨུ་ཤ་གུ་རུང་ཡིས་སྐད་ཡིག་གི་གནད་དོན་དེ་གནད་དོན་ཆེན་པོ་ཞིག་ཏུ་བཟོ་མི་དགོས་པའི་སྐོར་གསུངས་འདུག གང་ལྟར་བལ་ཡུལ་གྱི་གཞུང་འབྲེལ་སྐད་ཡིག་ཐད་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མོས་མཐུན་མ་བྱུང་བར་བརྟེན་ནས་ཚོགས་འདུ་དེ་བཞིན་རེས་གཟའ་ཕུར་བུ་བར་ཕྱིར་འགྱངས་གནང་ཡོད་པའི་གནས་ཚུལ་འདུག།