ཐའེ་ལྦན་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ཁོངས་སུ་ཚུད་ཐབས།
2008.12.30
༄༅༎ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཅོ་ཡིས་ཐའེ་ལྦན་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ཚོགས་མི་ཡུལ་ཁག་གི་ཁོངས་སུ་འཛུལ་ཞུགས་ཡོང་ཐབས་ཀྱི་ཆེད་དུ་རྒྱ་ནག་གི་ལྷན་དུ་བཀའ་བསྡུར་གནང་བཞིན་ཡོད་པའི་སྐོར་གསུང་ཡོད་པ་རེད།
ཕྱི་ལོ་༡༩༤༩ལོར་རྒྱ་ནག་རྒྱལ་ནང་དམག་འཁྲུག་མཇུག་སྒྲིལ་བའི་རྗེས་རྒྱ་ནག་དང་ཐའེ་ལྦན་དུམ་བུར་ཕྱིན་ཏེ་ད་བར་ཐའེ་ལྦན་དང་རྒྱ་ནག་གཉིས་བར་དགྲ་ཁ་གཏད་དུ་ལངས་ཏེ་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ནི་རྒྱ་ནག་གི་མངའ་འོག་ཞིང་ཆེན་ཞིག་ཡིན་པ་བརྗོད་དེ་ཐའེ་ལྦན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ནས་ཕྱིར་འབུད་བྱས་ཏེ་རྒྱ་ནག་ཚབ་ཏུ་བཅུག་པ་སོགས་རྒྱལ་སྤྱིའི་ཚོགས་པ་ཁག་གི་ནང་རྒྱ་ནག་འཛུལ་ཞུགས་བྱེད་པ་ལས་ཐའེ་ལྦན་འཛུལ་ཞུགས་བྱ་རྒྱུར་རྒྱ་ནག་ཕྱོགས་ནས་མཐའ་ཅིག་ཏུ་བཀག་འགོག་བྱེད་ཀྱི་ཡོད་པ་རེད། དེ་སྔོན་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཞུཡི་ཕེན་གྱིས་མི་ལོ་བརྒྱད་རིང་ཐའེ་ལྦན་གྱི་གཞུང་འཛིན་གནང་བའི་སྐབས་ཐའེ་ལྦན་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནང་འཛུལ་ཞུགས་ཐུབ་ཐབས་འབད་བརྩོན་རིམ་པ་གནང་ཡང་རྒྱ་ནག་ཕྱོགས་ནས་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ་ཁོང་གི་འབད་བརྩོན་ལ་གྲུབ་འབྲས་སོན་མེད་པ་རེད། ཡིན་ནའང་རྒྱ་ནག་གི་མཛའ་གྲོགས་ཡིན་པ་ཐའེ་ལྦན་གྱི་སྲིད་འཛིན་གསར་པ་མཱ་དབྱིང་ཅོ་ཡིས་གསུང་ན་ཐའེ་ལྦན་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ཚོགས་མིའི་ནང་འཛུལ་ཞུགས་བྱ་རྒྱུའི་ལས་དོན་དེ་ནི་ཁོང་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རིང་གི་ལས་དོན་གལ་འགངས་ཆེ་བ་ཞིག་ཡིན་པ་གསུང་ཡོད་ཅིང་ཁོང་གིས་གསུང་པའི་བཀའ་མོལ་དེ་ནི་དེ་རིང་རེས་གཟའ་མིག་དམར་ཉིན་ཡའ་ཧུའུ་འཕྲིན་གཏོང་དྲ་བའི་ཐོག་ཐའེ་ལྦན་གྱི་གསར་འགྱུར་པར་ངོས་ཐོག་སྤེལ་ཡོད་པ་མ་ཟད་སྲིད་འཛིན་མཱ་དབྱིང་ཅོ་ཡིས་གནས་ཚུལ་དེའི་སྐོར་ལ་རྒྱ་ནག་གི་ལྷན་དུ་བཀའ་མོལ་གནང་བཞིན་ཡོད་པའི་སྐོར་གསུང་སྟེ་གསར་འགྱུར་བརྒྱུད་ལམ་ཐོག་ཐོན་པའི་གནས་ཚུལ་དེ་བདེན་པ་ཡིན་པ་བསྐྱར་ཏུ་གསལ་བཤད་གནང་བ་དང་ལྷག་པར་དུ་ཐའེ་ལྦན་ཕྱི་ལོ་༢༠༠༩ལོའི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ཚོགས་ཆེན་ནང་མཉམ་ཞུགས་ཐུབ་པའི་ཐུགས་རེ་གནང་གི་ཡོད་ལུགས་དང་དེ་ཡང་ཐའེ་ལྦན་རྒྱལ་ཁབ་ཅིག་ཡིན་པའི་ངོ་བོ་ཐོག་ནས་ཚོགས་མི་བྱས་ཏེ་མ་ཡིན་པར་ཟུར་ཉན་གྱི་ངོ་བོ་ཐོག་ནས་མཉམ་ཞུགས་གནང་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་གསུང་ཡོད་པ་རེད།