གཞོན་ནུ་ལྷན་ཚོགས་ཀྱི་ཁྲིམས་གཏུགས་གྱོད་གཞི་མུ་མཐུད།
2011.01.09
༄༅༎བོད་རང་བཙན་དོན་གཉེར་བ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་ཁག་ཅིག་གི་ཁྲིམས་གཏུགས་འགྱོད་གཞི་རིང་ཤོས་དེ་ ད་དུང་མཇུག་སྒྲིལ་མེད་པའི་གནས་ཚུལ་ཐོན་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁྲིམས་ཁང་གིས་རེས་གཟའ་པ་སངས་ཉིན་དེ་སྔ་ཕྱི་ལོ་༡༩༩༢ལོར་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དགུས་ལྡི་ལིར་རྒྱ་ནག་གི་གཞུང་ཚབ་མདུན་དུ་ངོ་རྒོལ་བྱེད་སྐབས་འཛིན་བཟུང་གིས་རྗེས་སུ་གློད་བཀྲོལ་བྱས་ཀྱང་འགྱོད་གཞི་ཐག་གཅོད་བྱུང་མེད་པ་མ་ཟད་ད་ཆ་བོད་མི་དེ་དག་རྒྱ་གར་ནང་གཏན་སྡོད་ཆོག་པའི་ཡིག་ཆ་འཁྱེར་ནས་ཕྱི་ཟླ་གཉིས་པའི་ཚེས་༡༤ཉིན་ཁྲིམས་སར་བསྐྱར་དུ་བཅར་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག སྐབས་དེའི་ལས་འགུལ་བ་ཚེ་རིང་དོན་གྲུབ་ལགས་དང་ཚེ་རིང་ནོར་བུ་ལགས་རྣམ་གཉིས་ད་ཆ་དགུང་ལོ་༧༤ལ་ཕེབས་ཡོད་འདུག དེ་མིན་རྣམས་ནི་རྣམ་རྒྱལ་རྡོ་རྗེ་ལགས་དགུང་ལོ་༥༣། རྟ་མགྲིན་ལགས་དགུང་ལོ་༥༥། ཨེན་རྡོ་རྗེ་དགུང་ལོ་༥༤། བློ་བཟང་དགུང་ལོ་༥༨། ཆོས་རྒྱལ་ལགས་དགུང་ལོ་༥༦་དང་པདྨ་རྡོ་རྗེ་དགུང་ལོ་༦༨བཅས་ཡིན་འདུག ཁོང་རྣམས་ཀྱི་ལོ་བཅུ་དགུའི་གོང་ཕྱི་ལོ་༡༩༩༢་ཕྱི་ཟླ་གསུམ་པའི་ཚས་དགུ་ཉིན་བོད་མི་རང་དབང་སྒེར་༣༣སྲུང་བརྩིའི་སྔ་ནུབ་ཏུ་བོད་ཀྱི་གཞོན་ནུ་ལྷནཚོགས་ཀྱིས་བརྩམས་པའི་ལས་འགུལ་ནང་མཉམ་ཞུགས་ཀྱིས་དེ་ཉིན་དྷིར་ལིར་རྒྱ་ནག་གི་གཞུང་ཚབ་མདུན་ངོ་རྒོལ་ཤུགས་ཆེ་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་གིས་བཙོན་འཇུག་བྱས་པ་རེད། འདས་པའི་ལོ་ཉི་ཤུ་ཙམ་རིང་ཁྲིམས་གཏུགས་ཐེངས་དྲུག་བྱས་ཀྱང་ཁྲིམས་ཐག་ཆོད་མེད་པ་རེད། འདི་ཚེས་བདུན་ཉིན་ཁོང་རྣམས་བསྐྱར་དུ་ལྡི་ལིར་འབྱོར་སྐབས་དབུས་དང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་བསམ་ཡས་གླིང་བོད་མིའི་གཞིས་སྒར་ནང་སྣེ་ལེན་ཟབ་རྒྱས་ཞུས་གནང་འདུག གཞོན་ནུ་ལྷན་ཚོགས་ཀྱི་ཟུང་འབྲེལ་དྲུང་ཆེ་བསྟན་འཛིན་ནོར་བཟང་ལགས་དང་ཁྲིམས་རྩོད་པ་པནྜེ་གཉིས་ཀྱིས་འདི་ལོའི་ལོ་མཇུག་ཙམ་ལ་ཁྲིམས་ཐག་གཙང་བཅད་ཡོང་བའི་རེ་བ་ཡོད་སྐོར་གསུངས་གནང་འདུག ལས་འགུལ་བའི་མགྲིན་ཚབ་པ་པདྨ་རྡོ་རྗེ་ལགས་ཀྱིས་བོད་ནང་བོད་མི་ཚོས་དཀའ་སྡུག་དང་བསྡུར་ན་ང་ཚོའི་དཀའ་ངལ་ཆུང་ཆུང་རེད་ཅེས་འགྲེལ་བརྗོད་གནང་འདུག།