རྒྱ་གར་བྱང་ཤར་ཁུལ་གྱི་ཀོ་རོ་ཞེས་པའི་སྐད་ཡིག།
2010.10.06
༄༅༎རྩ་བརླག་འགྲོ་བཞིན་པའི་སྐད་ཡིག་ཐོག་ཞིབ་འཇུག་གནང་མཁན་ཚོས་གསུངས་ན། རྒྱ་གར་བྱང་ཤར་ཁུལ་མི་གྲངས་༨༠༠ཙམ་གྱི་མ་གཏོགས་བེད་སྤྱོད་བྱེད་མཁན་མེད་པའི་སྐད་ཡིག་ཀོ་རོ་ཟེར་བ་ཞིག་ཡོད་པ་གསར་དུ་མཁྱེན་རྟོགས་བྱུང་འདུག།
ཀོ་རོ་ཞེས་པའི་སྐད་ཡིག་དེ་བོད་ཡིག་དང་འབར་མའི་ཡི་གེ་དང་ཧ་ཅང་ཉེ་པོ་ཡོད་པའི་སྐོར་ཨ་རིའི་པེན་སིལ་ལྦེ་ནི་ཡའི་སི་ལྦཐ་མོར་གཙུག་ལག་སློབ་གྲའི་ཌེ་ལྦི་དྲི་ཧེ་རི་སེན་དང་ཨོ་རེི་གེན་མངའ་སྡེའི་ངག་རྒྱུན་སློབ་གཉེར་ཁང་གི་སྐད་ཡིག་ཞིབ་འཇུག་པ་གེརེ་ག་རི་ཨེན་ཌར་སེན། རྒྱ་གར་རན་ཆི་གཙུག་ལག་སློབ་གྲ་ཆེན་མོའི་ག་ནེཤ་མུར་མུ་བཅས་ཀྱིས་ཀོ་རོ་ཞེས་པའི་སྐད་ཡིག་དེ་ཡོད་པ་རྩད་གཅོད་ཐུབ་ཡོད་པ་རེད།
National Geograpicགི་རྒྱབ་གཉེར་འོག་གོང་ཞུས་སྐད་ཡིག་ཐོག་ཞིབ་འཇུག་གནང་མཁན་གསུམ་པོས་བྱང་ཤར་ཨ་རུ་ན་ཅལ་ཁུལ་འགྲོ་སྐྱོད་ཆོག་པའི་ཆོག་མཆན་རྒྱ་གར་དབུས་གཞུང་ནས་ཞུས་གནང་རྗེས། ཁུལ་དེའི་ནང་ཀོ་རོ་ཞེས་པའི་སྐད་བེད་སྤྱོད་བྱེད་མཁན་གྱི་ཡུལ་མི་ཚོ་ཐུག་འཕྲད་གནང་འདུག། གེརེ་ག་རི་ཨེན་ཌར་སེན་ཡིས་ སྐད་དེ་བརྒྱབ་མཁན་ཕལ་ཆེ་བ་མི་རབས་རྒན་པ་ཤ་སྟག་ཡིན་པ་དང༌། སྐད་ཡིག་དེ་རིམ་པས་རྩ་བརླགས་ཏུ་འགྲོ་རྒྱུའི་ཉེན་ཁ་གཟིགས་ཡོད་ཅིང༌། ཁོང་རྣམ་པ་ལོ་བཅུའི་རྗེས་ཁུལ་དེར་ཕེབས་པ་ཡིན་ན། སྐབས་དེ་དུས་ཕལ་ཆེར་སྐད་དེ་བརྒྱབ་མཁན་མི་ཕལ་ཆེར་ཐུག་རྒྱུ་ཁག་པོ་ཆགས་རྒྱུ་ཡིན་སྐོར་ཨེན་ཌར་སེན་གྱིས་འགྲེལ་བརྗོད་གནང་བཞག།
ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གནས་སྡོད་བྱེད་མཁན་ཀོ་རོ་སྐད་བེད་སྤྱོད་གཏོང་མཁན་གྱི་ཡུལ་མི་ཚོས་འཚོ་རྟེན་ཆེད་རྒྱུན་དུ་ཕག་པ་གསོ་འཕེལ་དང་འབྲས་དང་ནས་སོགས་འདེབས་ལས་བྱེད་ཀྱི་ཡོད་པ་དང༌། ཡུལ་མི་དེ་ཚོས་སྐད་ཡིག་ཨ་ཀ་དང་མི་ཇི་ཟེར་བ་ཁག་གཉིས་རྒྱབ་སྲོལ་ཡོད་ནའང༌། སྐད་ཡིག་ལ་ཞིབ་འཇུག་གནང་མཁན་ཚོས་ཁོང་ཚོའི་ཁྲོད་དུ་ཀོ་རོ་ཟེར་བའི་སྐད་བེད་སྤྱོད་གཏོང་མཁན་ཡོད་པ་མཁྱེན་རྟོགས་བྱུང་འདུག། ཀོ་རོ་ཟེར་བའི་སྐད་དེ་གང་ཅིའི་ཐད་ནས་ཨ་ཀ་དང་རྩ་བ་ནས་འདྲ་གི་མེད་པ་མཁྱེན་འདུག། དཔེར་ན་ཡུལ་པ་ཚོས་ཨ་ཀ་སྐད་ཐོག་ཕག་པར་ལྦོ་ཞེས་ལབས་ཀྱི་ཡོད་ནའང༌། ཀོ་རོའི་སྐད་ཐོག་ཕག་པར་ལེ་ལེ་ཟེར་འབོད་ཀྱི་ཡོད་པ་མ་ཟད་། ཀོ་རོ་ཡི་གེའི་བརྡ་སྤྲོད་པའི་གཞུང་ལུགས་ཀྱང་སྐད་ཡིག་གཞན་གཉིས་དང་མི་འདྲ་བ་ཡོད་སྐོར་ཨ་རི་བ་ཌེ་ལྦི་དྲི་ཧེ་རི་སེན་གྱིས་གསུངས་འདུག།