གླིང་ཚའི་ཨ་མ་དམ་པའི་ཆེད་ཞེ་དགུའི་མཆོད་འབུལ་སྨོན་ལམ་གནང་འདུག
2018.10.25
གླིང་ཚ་ཚེ་བརྟན་རྡོ་རྗེ་གང་ན་ཡོད་མེད་ཧ་གོ་རྒྱུ་གལ་ཆེན་པོ་དང་གལ་སྲིད་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་ན་གློད་གྲོལ་གཏོང་དགོས་ཀྱི་ཡོད་ཅེས་སྲིད་སྐྱོང་མཆོག་གིས་གསུང་འདུག
དེ་ཡང་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་བཅུག་དགོས་པ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ། བོད་མིའི་སྐད་ཡིག་སྦྱོང་སྤྱོད་དང་ཆས་གོས་གོམས་གཤིས་ཀྱི་རང་དབང་སྤྲོད་དགོས་པ། བོད་ནང་གི་རྒྱ་ནག་གི་དམག་མི་ཕྱིེར་འཐེན་དགོས་པ་བཅས་ཀྱི་དགོས་འདུན་འོག རྒྱ་གར་རྡ་རམ་ས་ལ་ནས་བོད་བར་ཞི་བའི་གོམ་བགྲོད་གནང་སྐབས་སྤྱི་ལོ་༢༠༡༣ལོར་གར་སོང་ཆ་མེད་དུ་གྱུར་པ། བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ལགས། བར་ལམ་བཞུགས་སྒར་དུ་འདས་གྲོངས་སོང་སྟེ། ཞག་མ་༤༩འཁོར་བའི་མཆོད་འབུལ་བསྔོ་སྨོན་ཞིག སྤྱི་ཟླ་༡༠པའི་ཚེས་༢༥ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནང་སྐབས་སྤྱི་འཐུས་ཚོགས་གཙོ་དང་སྲིད་སྐྱོང་གི་གཙོས་སྤྱི་འཐུས་རྣམ་པ་ཁག་ཅིག ཚོགས་པ་སྐྱིད་སྡུག་ཁག་གི་འཐུས་མི་དང་ཀིརྟི་གྲྭ་ཚང། རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བཅས་ནས་གནང་སོང་། ཞེ་དགུའི་མཆོད་འབུལ་གོ་སྒྲིག་གནང་མཁན་ནི་མདོ་སྨད་དབུས་དང་། རྡ་རམ་ས་ལའི་ས་རྒྱུན་ཡིན་པ་དང་། དབུས་ཚོགས་གཙོ་དགེ་བཤེས་གངས་རི་ལགས་ཀྱིས། མཆོད་འབུལ་བསྔོ་སྨོན་འདི་ནི་ཨ་མ་ལྡོམ་པོ་སྐྱིད་གཙོ་བོར་བྱས་པ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚང་མས་ཆེད་དུ་ཡིན་པ་ངོ་སྤྲོད་གནང་བྱུང་།
གཞན་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ད་ཆ་གླིང་ཚ་ཚེ་བརྟན་རྡོ་རྗེ་གང་ན་ཡོད་མེད་ཧ་གོ་རྒྱུ་གལ་ཆེན་པོ་དང་། གླིང་ཚ་ཚེ་བརྟན་རྡོ་རྗེ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་ན། གློད་གྲོལ་ངེས་པར་དུ་བཏང་དགོས་ཀྱི་འདུག་ཅེས་གསུངས་སྐབས། གླིང་ཚ་ཚེ་བརྟན་རྡོ་རྗེ་བོད་རྩ་དོན་ལ་སྐུ་ལས་བསྐྱོན་མཁན་ཅིག་ཡིན་པས། ང་ཚོ་བཀའ་ཤག་གིས་ཚང་མ་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་བཅར་བ་ཡིན། ཚེ་བརྟན་རྡོ་་རྗེའི་སྐུ་ཟླ་དང་ཕྲུ་གུ་གཉིས་ལ་བཀའ་ཤག་གིས་ལོ་ལྟར་མཐུན་རྐྱེན་སྦྱར་ཏེ། རྒྱ་གར་ལ་ཡོང་སྟེ་ཕྲུ་གུ་གཉིས་ཀྱི་རྨོ་མོ་ལགས་སུ་མཇལ་ཆེད་ཡིན་མོད། ད་ལན་གློ་བུར་དགོངས་པ་རྫོགས་ནས་ཁོང་ཚོ་འདིར་ཕེབས་ཡོད་པས། མ་འོངས་པ་ལའང་ང་ཚོས་མཐུན་རྐྱེན་སྦྱར་དགོས་པ་གང་ཡོད་སྦྱར་རྒྱུ་ཡིན། ཕྲུ་གུ་གཉིས་ལ་བོད་པའི་མི་རིགས་ཀྱི་ངོ་བོ་དེ་མ་བརླག་པ་དང་། བོད་མིའི་སྤྱི་ཚོགས་མཉམ་དུ་མུ་མཐུད་འབྲེལ་བ་བཞག་དགོས་རེད་ཅེས་ཞུས་བསྡད་ཡོད། གླིང་ཚ་ཚེ་བརྟན་རྡོ་རྗེ་གང་དུ་ཡོད་ན་ང་ཚོས་ཧ་གོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ནག་གཞུང་གིས་འཛིན་བཟུང་གི་གནས་སྟངས་དེ་འདྲ་ཡོད་ན། གློད་གྲོལ་ངེས་པར་དུ་བཏང་དགོས་འདུག་ཅེས་ངོ་སྤྲོད་གནང་སོང་། གཞན་ཡང་གླིང་ཚ་ཚེ་བརྟན་རྡོ་རྗེའི་སྐུ་ཟླ་ཨེ་སི་རལ་རྒྱལ་ཁབ་ནས་ཡིན་པ་ཡེལ་ལགས་ཀྱིས། ཨ་མ་ལྡོམ་པོ་སྐྱིད་ནི་བུད་མེད་དམིགས་བསལ་དང་ཡ་རབས་གཉོམ་ཆུང་། ང་ལ་མཚོན་ན་ཁོང་གིས་བོད་མི་མང་དང་བཟང་པོའི་ཡོན་ཏན་ཀུན་གྱི་མཚོན་རྟགས་ལྟ་བུ་དེ་ཡིན། ཨ་མ་ལྡོམ་པོ་སྐྱིད་ཕྲུ་གུ་གཉིས་ལ་ཧ་ཅང་བརྩེ་བ་ཡོད་པ་མ་ཟད། ཕྲུ་གུ་གཉིས་ཀྱིས་ཨ་མ་ལགས་ཀྱིས་ཅི་གསུང་གི་ཡོད་པ་གོ་བརྡ་མི་འཕྲོད་ནའང་། ཁོང་གི་བརྩེ་སེམས་ཕྱི་ལ་སྟོན་པར་ཚིག་མང་པོ་ཅིག་དགོས་ཀྱི་མི་འདུག ད་ཆ་ང་ཚོས་ཨ་མ་ལྡོམ་པོ་སྐྱིད་ཧ་ཅང་དྲན་གྱི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་བལ་ཡུལ་ནང་དུ་ཡང་བོད་མི་མང་པོ་མཉམ་དུ་འཛོམས་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཚེ་འདས་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱི་ཆེད་ཞེ་དགུའི་མཆོད་འབུལ་སྨོན་ལམ་གནང་འདུག
གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཁོང་གི་ཨ་མ་ལྡོམ་པོ་སྐྱིད་གཉིས་ནི་མདོ་སྨད་བླ་བྲང་ཡིན་པ་དང་། ཨ་མ་ལྡོམ་པོ་སྐྱིད་ལགས་བཙན་བྱོལ་དུ་ཕེབས་ནས་བཞུགས་སྒར་དུ་གནས་སྡོད་གནང་གི་ཡོད་པ་དང་། ཚེ་བརྟན་རྡོ་རྗེ་ལགས་དེ་སྔ་གོམ་བགྲོད་ལས་འགུལ་མ་སྤེལ་གོང་། ཨི་སི་རལ་རྒྱལ་ཁབ་ནང་གནས་སྡོད་གནང་གི་ཡོད་པ་རེད།
གསར་འགོད་པ་བློ་བྷེ།