བོད་དོན་ཞི་བའི་ལས་འགུལ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གར་སོང་ཆ་མེད་དུ་གྱུར་ནས་ལོ་དགུ་འགོར།

2022.06.09
བོད་དོན་ཞི་བའི་ལས་འགུལ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས།
སྒྲིག་བཟོ། /RFA

བོད་དོན་ཞི་བའི་ལས་འགུལ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཆེད་དགོས་འདུན་དོན་ཚན་ལྔའི་འོག སྤྱི་ལོ་༢༠༡༣་ལོར་བོད་ནང་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་ལམ་བར་ནས་གློ་བུར་གར་སོང་ཆ་མེད་དུ་གྱུར་ནས་ད་ལོའི་ཕྱི་ཟླ་དྲུག་པའི་ཚེས་༨ཉིན་ལོ་༩ འགོར་ཡོད། དེའི་རིང་འབྲེལ་ཡོད་ཁག་གིས་རྩད་གཅོད་རིམ་པ་བྱས་ཀྱང་ད་ལྟའི་ཆར་ཡང་ཁོང་ཤི་གསོན་གང་ཡིན་དང་གར་ཡོད་སོགས་ཀྱི་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པ་མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོ་དགེ་བཤེས་གངས་རི་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བ་དང་མཉམ། མ་འོངས་པར་མདོ་སྨད་དབུས་རྒྱུན་གྱི་ངོས་ནས་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་རྩད་གཅོད་ཐུབ་ཐབས་སུ་སྤེལ་རྒྱུའི་ལས་འགུལ་ཁག་ལ་མཉམ་ཞུགས་དང་རོགས་འདེགས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་འབྲེལ་སྤྱི་འཐུས་ལྷན་ཚོགས་ནང་ལ་ཡང་གླེང་སློང་གནང་རྒྱུའི་རེ་བ་གནང་གི་ཡོད་པ་གསུངས་བྱུང་།
ཁོང་གིས་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་བའི་སྐབས་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པ་ནི། ཆ་རྐྱེན་གང་ཡང་མེད་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནང་དུ་ཕེབས་སུ་འཇུག་དགོས་པ་དང་། ཆ་རྐྱེན་གང་ཡང་མེད་པའི་འོག་༧པན་ཆེན་དགེ་འདུན་ཆོས་ཀྱི་ཉིན་མ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོད་དགོས་པ། བོད་མིར་རང་གི་སྐད་ཡིག་དང་ཡི་གེ་སྦྱོང་རྒྱུའི་རང་དབང་སྤྲོད་དགོས་པ། བོད་མིའི་ཆོས་ལུགས་དང་ཡུལ་སྲོལ་གོམས་བཤིས་བེད་སྤྱོད་བྱ་རྒྱུར་རང་དབང་ཆ་ཚང་སྤྲོད་དགོས་པ་དང་། ད་ལྟའི་བོད་ནང་དུ་ཡོད་པའི་རྒྱ་ནག་གི་དམག་མི་ཡོངས་རྫོགས་བོད་ནས་ཕྱིར་འཐེན་བྱ་དགོས་པ་བཅས་ཡིན་པ་རེད།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་༢༠༡༣ ཟླ་༣ཚེས་༡༠ཉིན་བཞུགས་སྒར་རྡ་རམ་ས་ལའི་གཙུག་ལག་ཁང་དུ། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༤པའི་མཛད་སྒོ་གྲུབ་པ་དང་བསྟུན་ཏེ། བོད་བསྐྱོད་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་འགོ་བཙུགས་ནས་ཉིན་གྲངས་༨༩རིང་རྒྱ་གར་གྱི་མངའ་སྡེ་༦ཙམ་བརྒྱུད་དེ་སྤྱི་ལེ་༢༡༤༨ལ་གོམ་བགྲོད་གནང་མཐར་ལོ་དེའི་ཕྱི་ཟླ་༦ ཚེས་༨ ཉིན་རྒྱ་གར་གྱི་ནུབ་བྷང་གྷིལ་མངའ་སྡེའི་ཀ་ལོན་སྦུག་སད་རྒྱུད་གྲྭ་ཚང་ནས་རྐང་འཁོར་དང་ཅ་དངོས་བཞག་སྟེ་གློ་བུར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

Lingtsa.jpg

བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནི། མདོ་སྨད་བླ་བྲང་སྔོན་ཆགས་གླིང་ཚང་དུ་༡༩༧༩ལོར་སྐྱེས་ཤིང་། ཆུང་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་གྲྭ་བ་བྱས། ཕྱི་ལོ་༡༩༩༥ལོར་རྒྱ་གར་དུ་འབྱོར་ཏེ་༧གོང་ས་མཆོག་ལ་མཇལ་བཅར་གྱིས་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། ཕྱིས་སུ་ནང་མིའི་རེ་བ་བཞིན་བོད་ལ་ཕྱིར་ལོག་ཕེབས་ཡོད་པ་དང་། རྗེས་སུ་སླར་ཡང་བཙན་བྱོལ་དུ་ཕེབས་ནས་ཨི་སེ་རལ་ཡུལ་གྱི་བེུད་ཤིག་དང་གཉེན་སྒྲིག་གནང་ཡོད་ཅིང་། ཁོང་གིས་གར་སོང་ཆ་མེད་དུ་མ་འགྱུར་སྔོན། ༢༠༡༢ཟླ་༣ཚེས་༡༠ཉིན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། གསུམ་བཅུའི་དུས་དྲན་ཐེངས་༥༣པའི་མཛད་སྒོ་གྲུབ་པ་དང་བསྟུན་ཏེ། ཁོང་དང་ཁོང་གི་ཨ་མ་སྡོམ་པོ་སྐྱིད་ལགས། གཅུང་མོ་གླིང་ཚ་ལྷ་མོ་སྐྱིད་གསུམ་གྱིས་བོད་བསྐྱོད་ཞི་བའི་གོམ་བགྲོད་ཐེངས་དང་པོ་དངོས་སུ་འགོ་འཛུགས་ཀྱིས་ཉིན་༦༠རིང་རྒྱ་གར་གྱི་མངའ་སྡེ་༦བརྒྱུད་དེ་སྤྱི་ལེ་༡༣༠༠ལ་གོམ་བགྲོད་གནང་མཐར། ལོ་དེའི་ཕྱི་ཟླ་༥ཚེས་༡༣ཉིན་གྱི་མཚན་མོར་རྒྱ་གར་དང་བལ་ཡུལ་ས་མཚམས་གྷོ་ར་པུར་ནས་མཐའ་སྲུང་དམག་གིས་བཀག་འགོག་བྱས་པར་བརྟེན། ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཨ་མ་དང་གཅུང་པོ་གཉིས་བཞག་སྟེ་མཚན་མོ་ཞིག་ལ་ཁོ་རང་གཅིག་པུས་ས་མཚམས་བརྒལ་མས་གོམ་བགྲོད་བྱས་བ་དང་། ཕྱི་ཟླ་༥ཚེས་༢༡ཉིན་བལ་ཡུལ་གྱི་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཀྱང་ཁོང་གིས་བཙོན་ཁང་དུ་ངག་བཅད་ངོ་རྒོལ་གནང་བ་སོགས་བྱས་བ་དང་། ཕྱིས་བཙོན་གྲོལ་ཐོབ་ཡོད་པ་རེད།
བོད་དོན་ཞི་བའི་འཐབ་རྩོད་ཁྲོད་གར་སོང་ཆ་མེད་དུ་སོང་བའི་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ལགས་༢༠༡༨་ལོའི་ཕྱི་ཟླ་༩ ཚེས་༧རེས་གཟའ་པ་སངས་ཉིན། རྡ་སའི་རང་ཁྱིམ་ནས་གློ་བུར་དུ་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎