ཉེན་རྟོག་པས་རྙེད་སོན་བྱུང་པའི་ཕུང་པོ་དེ་བོར་བརླག་ཕྱིན་བའི་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་ཀྱི་ཕུང་བོ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག
ཉེ་ཆར་ལོ་སྔོན་མའི་ཕྱི་ཟླ་༡༡་པའི་ནང་ཨ་མི་རི་ཀའི་མངའ་སྡེ་ཝ་ཤིན་ཀྲོན་གྱི་གྲོང་ཁྱེར་(Newport)་ནང་གནས་བཞུགས་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་གར་སོང་མེད་པར་གྱུར་བའི་རྗེས་ཡུན་རིང་བཙལ་འཚོལ་བྱས་ཡོད་པ་དང་། ད་ཆ་འདི་ཚེས་༣ཉིན་ཁོང་བཞུགས་སའི་ཆོས་ཚོགས་ཀྱི་ཉེ་འཁྲིས་ཀྱི་རྫིང་བུའི་ནང་ནས་ཕུང་པོ་ཞིག་རྙེད་སོན་བྱུང་བ་དེ་ནི་གྱོན་གོས་ལ་བལྟས་ན་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་ཡིན་པ་ས་གནས་ཀྱི་ཉེན་རྟོག་དཔོན་རིགས་ནས་ཚོད་དཔག་བྱས་ཡོད་པ་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་དང་བརྙན་འཕྲིན་ནང་གནས་ཚུལ་སྤེལ་འདུག
དགུང་གྲངས་༦༤་ལ་ཕེབས་པའི་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་ཀྱིས་ནང་ཆོས་སློབ་ཁྲིད་གནང་ཡུལ་ཆོས་ཚོགས་ཀྱི་ཉེ་འཁོར་དུ་གནས་སྡོད་བྱེད་མཁན་གྲོང་མི་ཚོས། རྫིང་བུ་དེའི་ཁར་ཆགས་པའི་འཁྱགས་པ་ཞུ་རྗེས་གྱོན་གོས་ཞིག་ཆུ་ཁར་མཐོང་ཡོད་པ་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་ལ་སྙན་སེང་ཞུས་ཡོད་པ་དང་། དེ་ནས་ཉེན་རྟོག་གྲུ་ཆུང་བཏང་ནས་རྩད་གཅོད་བྱས་དུས་མིའི་ཕུང་པོ་ཞིག་རྙེད་སོན་བྱུང་ཡོད་འདུག
ས་གནས་རྫོང་གི་(Sheriff)་བདེ་འཇགས་ལས་ཁུངས་ཀྱིས་དེའི་རྗེས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། ཉེ་ཆར་༢༠༢༣ལོའི་ཕྱི་ཟླ་༡༡པའི་ཚེས་༨ཉིན་དགེ་འདུན་པ་ཞིག་གར་སོང་མེད་པར་གྱུར་བའི་རྗེས། ད་ཆ་འདི་ཚེས་༣ཉིན་ས་གནས་ཡུལ་མིས་ཁ་པར་འབྱོར་བ་ལྟར་གནས་ཚུལ་ཐོན་ཡུལ་གྱི་ཉེ་འཁྲིས་རྫིང་བུ་ནས་སྐྱེས་པ་ཞིག་གི་ཕུང་པོ་རྙེད་སོན་བྱུང་བ་དང་། ཕུང་པོའི་སྟེང་གི་གྱོན་གོས་རྣམས་ལ་བལྟོས་ཚེ་ཉེ་ཆར་གར་སོང་ཆ་མེད་དུ་གྱུར་བའི་དེའི་གྱོན་གོས་དང་གཅིག་མཚུངས་ཡིན་པ་གསལ་སྟོན་དང་འབྲེལ་ཕུང་པོ་དེ་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་ཀྱི་ཕུང་པོ་ཡིན་པ་ཚོད་དཔག་བྱེད་བཞིན་པ་ཡིན་ཡང་ཕུང་པོ་ངོ་ཐག་གཅོད་རྒྱུ་དང་། གྲོངས་རྐྱེན་རྩད་གཅོད་ཆེད་ཕུང་པོར་བརྟག་དཔྱད་དགོས་བ་གསལ་བསྒྲགས་སྤེལ་འདུག
དེ་འབྲེལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་བྱུང་ཡུལ་(Pend Oreille)་ས་གནས་རྫོང་གི་ཉེན་རྟོག་ལས་ཁུངས་སུ་གནས་ཚུལ་དེའི་ཐད་ཁ་པར་བརྒྱུད་འདྲི་རྩད་བྱས་ཀྱང་སྐབས་ཐོག་ཁ་པར་མཐུད་ཐུབ་མ་བྱུང་།
དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་ལོ་སྔོན་མའི་ཟླ་ལྔ་བའི་ནང་ཨ་རིའི་ནང་གི་བཙུན་མ་གཙོ་བོར་གྱུར་བའི་(Sravasti Abbey)་སུ་བཞུགས་ནས་ནང་ཆོས་འཆད་ཁྲིད་གནང་བ་དང་། དེའི་སྔོན་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་བྱམས་རྩེའི་ལྟེ་གནས་ཁང་དུ་ཕྱག་ལས་གནང་བའི་རིང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་(SEE)་ཤེས་ཡོན་གྱི་བསླབ་གཞིར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ལ། ད་དུང་བོད་དང་ཚན་རིག་ལས་གཞིའི་ནང་། སྐྱེས་དངོས་དང་དབང་རྩ་ཚན་རིག་གི་དཔེ་དེབ་མི་ཉུང་བ་བོད་བསྒྱུར་ཞུ་མཁན་གཙོ་གྲས་ཤིག་ཡིན་པ་རེད།
གསར་འགོད་པ། གཡུ་སྒྲོན། བསྟན་འཛིན་པདྨ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།