ཨཡེར་ལེནཌའི་དཔོན་རིགས་ཚོས་རྒྱ་ནག་གི་སྲིད་བློན་དང་མཉམ་བོད་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་གླེང་འདུག

རྒྱ་ནག་གི་སྲིད་བློན་ལི་ཆང་འདི་ཚེས་༡༦ཉིན་ཨཡེར་ལེནཌ་(Ireland)་ནང་འབྱོར་ཡོད་པ་དང་། འདི་ཚེས་༡༧ཉིན་ཡུལ་དེའི་དཔོན་རིགས་རྣམས་དང་མཉམ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གི་འབྲེལ་ལམ། དེ་བཞིན་རྒྱལ་སྤྱིའི་གནད་དོན་སོགས་ཀྱི་གྲོས་མོལ་བྱས་ཡོད་པ་དང་། དེའི་རྗེས་ཨཡེར་ལེནཌའི་སྲིད་བློན་(Leo Varadkar)་ལགས་ཀྱིས། ཨཡེར་ལེནཌའི་དཔོན་རིགས་ཚོས་རྒྱ་ནག་གི་སྲིད་བློན་ལི་ཆང་དང་གྲོས་མོལ་སྐབས་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཡོད་པ་གསལ་སྟོན་བྱས་ཡོད་པ་བརྗོད་འདུག
དེའི་གོང་ཨཡེར་ལེནཌ་ཡི་སྲིད་བློན་མཆོག་གིས་རྒྱ་ནག་ནི་འཛམ་གླིང་ནང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནས་གལ་ཆེ་ཞིག་ཡིན་སྟབས་རྒྱ་ནག་དང་འབྲེལ་ལམ་ཡག་པོ་ཞིག་དགོས་རྒྱུ་གལ་ཆེན་ཡིན། ཡིན་ན་ཡང་དྲི་བ་འགའ་ཤས་ཡོད་པ་དེ་དག་གི་སྐོར་ལ་བཀའ་མོལ་གནང་རྒྱུ་ཡིན་ལུགས་གསུངས་ཡོད།
ལི་ཆང་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ཡིད་ཆེས་བློས་འགེལ་བྱ་སའི་དཔོན་རིགས་ཤིག་ཡིན་པ་དང་། ཁོ་པ་སྔ་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་སྲིད་བློན་དང་དཔལ་འབྱོར་ཐད་ཀྱི་དཔོན་རིགས་མཐོ་ཤོས་ལ་བསྐོ་བཞགས་བྱས་ཡོད་པ་རེད། ཁོང་དེ་སྔ་གྲོང་ཁྱེར་ཧྲང་ཧེ་ཡི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་པ་དང་། ཕྱི་ལོ་༢༠༢༢་ལོར་གྲོང་ཁྱེར་དེའི་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྐབས་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱེད་མཁན་དེ་ཡང་ཡིན་པ་རེད། ད་རེས་ཀྱི་གཟིགས་སྐོར་དེ་ནི་ཡུཀ་རེན་ནང་གི་དམག་འཁྲུག་ཐད་རྒྱ་ནག་གི་ལངས་ཕྱོགས་ལ་བརྟེན་ནས་ཡོ་རོབ་ཀྱིས་རྒྱ་ནག་ལ་བརྟེན་དགོས་དང་མི་དགོས་བཤད་བཞིན་པའི་དངངས་ཚབས་ཆེ་བའི་སྐབས་སུ་འཁེལ་ཡོད་པ་རེད།
ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ལྕམ་(Ursula von der Leyen)་ལགས་ཀྱིས་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་ཚོང་འབྲེལ་ཐོག་ནས་ཤུགས་ཆེ་བརྟེན་རྒྱུ་མེད་པ་དང་། རྒྱ་ནག་གིས་རང་གི་ཁྲོམ་ར་ཡོ་རོབ་ལ་སྒོ་ཕྱེ་རུ་འཇུག་རྒྱུའི་དམིགས་ཡུལ་ངོས་ཟིན་དགོས་ངེས་ཡིན་སྐོར་རེས་གཟའ་མིག་དམར་ཉིན་གསུངས་འདུག
དེའི་གོང་ལ་རྒྱ་ནག་གི་སྲིད་བློན་ལི་ཆང་སུད་སིའི་གྲོང་ཁྱེར་(Davos)་ནང་ཚོགས་པའི་འཛམ་གླིང་དཔལ་འབྱོར་གི་གླེང་སྟེགས་ཞེས་པར་ཞུགས་ནས། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་སྐབས་རྒྱ་ནག་ནང་མ་འཛུགས་བྱེད་མཁན་ཡོང་བའི་ཐབས་ཤེས་བྱས་འདུག་ལ། སུད་སིའི་རྒྱལ་ས་བྷེན་ལ་འབྱོར་སྐབས་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་མི་ཚོས་ལི་ཆང་ལ་ངོ་རྒོལ་སྐད་འབོད་གནང་འདུག
ཕྱི་ལོ་༢༠༡༥་ལོར་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་གིས་ཨཡེར་ལེནཌ་(Ireland)་ནང་འཚམས་གཟིགས་བྱས་པའི་རྗེས་སུ། ད་བར་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཤིག་ཡུལ་དེའི་ནང་སླེབས་པ་ད་རེས་ཐེངས་དང་པོ་དེ་ཡིན་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།