ཡོ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དཔོན་རིགས་མཐོ་ཤོས་ཀྱིས་རྒྱ་ནག་གི་ལོག་སྤྱོད་བྱ་སྤྱོད་གདོང་ལེན་ལ་གྲ་སྒྲིག་དགོས་པའི་ཉེན་བརྡ་བཏང་ཡོད་འདུག

གསར་དུ་འདེམས་ཐོན་བྱུང་བའི་ཡོ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དཔོན་རིགས་མཐོ་ཤོས་གསར་པ་(Kaja Kallas)་ཡིས་ཡོ་རོབ་གྲོས་ཚོགས་འཐུས་མི་རྣམས་པར་སྲུང་སྐྱོབ་སྲ་བརྟན་ཏུ་གཏོང་རྒྱུ་དེ་གནད་དོན་གཙོ་བོ་ཆགས་ཀྱི་ཡོད་པའི་སྐོར་དང་། ར་ཤེ་ཡ་གཙོ་བོ་དང་དེའི་ཆ་ཤས་སུ་རྒྱ་ནག་གིས་ཡོ་རོབ་ཀྱི་སྒོ་འབྱེད་ལྡན་པའི་སྤྱི་ཚོགས་བེད་སྤྱོད་ལོག་པར་གཏོང་བཞིན་པ་དེར་གྲ་སྒྲིག་དགོས་པའི་ཉེན་བརྡ་བཏང་ཡོད་འདུག
ཕྱི་ཚེས་༢༣ཉིན་ཡོ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དཔོན་རིགས་མཐོ་ཤོས་དང་དེ་སྔོན་(Estonia)་རྒྱལ་ཁབ་ཀྱི་སྲིད་བློན་ཡིན་པ་ལྕམ་(Kaja Kallas)་ཡིས། ངོས་རང་(Estonia)་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་དབང་གིས་ར་ཤེ་ཡས་བཙན་དབང་རྒྱལ་ཁབ་ཀྱི་རྨི་ལམ་དེ་ནམ་ཡང་དོར་མེད་པ་བཤད་མཁན་དེ་ཡིན། དེ་འདྲ་སོང་ཙང་ཡོ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་དེ་ངོས་རང་སྒེར་དང་འབྲེལ་བ་ཆེན་པོ་ཆགས་ཡོད་ཅེས་ཡོ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་གསུངས་ཡོད་པ་རེད་འདུག
དེ་བཞིན་ད་དུང་ཁོང་གིས་ར་ཤེ་ཡ་དང་ཨི་རན། བྱང་ཀོ་རི་ཡ་དང་དེའི་ཐོག་རྒྱ་ནག་གིས་ང་ཚོའི་གཅིག་ལ་གཅིག་བརྟེན་དང་སྒོ་འབྱེད་ལྡན་པའི་སྤྱི་ཚོགས་ཡག་པོ་འདི་ཁོང་ཚོའི་ལག་ཆར་བེད་སྤྱོད་ལོག་པར་གཏོང་གི་ཡོད་པ་དེར་ང་ཚོས་གྲ་སྒྲིག་གནང་དགོས་ཞེས་ཉེན་བརྡ་བཏང་བ་དང་མཉམ། ངོས་རང་གིས་གནས་སྐབས་འཛམ་གླིང་ནང་དཀའ་རྙོག་ཡོད་པ་ཁག་གི་ནང་ནས་ར་ཤེ་ཡས་ཡུཀ་རེན་ལ་དམག་འཐབ་བྱས་བ་དེ་ལ་དོ་སྣང་ཆེན་པོས་ཡོ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་དྲག་པོའི་ལས་དོན་སྲ་བརྟན་ཏུ་གཏོང་རྒྱུ་ཡིན་ཞེས་གསུངས་འདུག
ལྕམ་(Kaja Kallas)་ལགས་ཉེ་སྔོན་ཕྱི་ཟླ་དྲུག་པའི་ནང་ཡོ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དཔོན་རིགས་གཙོ་བོ་(Josep Borrell)་ལགས་ཀྱི་ཚབ་ཏུ་ཡོ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམས་ཀྱིས་འདེམས་བསྐོ་གནང་བ་ཞིག་ཡིན་པ་རེད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།