ཏར་འཕྲིན་གཏོང་ལེན་གྱི་གསང་བ་ཕྱི་གྱར་གྱི་ནང་དོན་སྐོར།
2010.11.30
༄༅༎རེས་གཟའ་ཟླ་བའི་ཉིན་ཏར་འཕྲིན་གཏོང་ལེན་གྱི་གནས་ཚུལ་ཕྱིར་གྱར་བྱུང་བ་ཞིག་གི་ནང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་སྔ་ལོ་ཕྱི་ལོ་༢༠༠༩ལོར་རྒྱ་ནག་ཏུ་འཚམས་གཟིགས་ཕེབས་པའི་ཞོར་དུ་བོད་དུ་ཕེབས་འཐུས་ཀྱི་རེ་འདུན་བཏོན་པར་རྒྱ་ནག་གཞུང་ལ་ཞེད་སྣང་ཧ་ཅང་ཆེན་པོ་བྱུང་སྟེ་ ཁོང་གི་རེ་འདུན་དེ་འགྲུབ་མེད་པའི་སྐོར་འཁོད་ཡོད་པ་ཕེརནསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།
འདས་པའི་ཉིན་གྲངས་འགའ་ཤས་ཀྱི་ནང་ལྦི་ཀི་ལིཀ་སི་Wikileaksཟེར་བ་ཨིན་ཊར་དྲ་རྒྱའི་ཐོག་གཞུང་ཕན་ཚུན་ཏར་འཕྲིན་ཐོག་འབྲེལ་ལམ་བྱས་པ་དང་ ཡང་གཞུང་ཚབ་ལས་ཁུངས་ཁག་ནས་སོ་སོའི་གཞུང་ལ་འབྲེལ་བ་བྱས་པ་སོགས་གསང་རྒྱ་བྱེད་འོས་པའི་གནས་ཚུལ་མང་དག་ཅིག་བཏོན་བཞིན་ཡོད་པ་དང་ དེའི་ནང་རྒྱ་ནག་ནང་རྟེན་གཞི་བྱེད་པའི་ཨ་མི་རི་ཀའི་གཞུང་ཚབ་ལས་ཁུངས་ཀྱི་དཔོན་རིགས་མཐོ་གྲས་ཤིག་གིས་རྒྱ་ནག་གཞུང་ལ་ལྕམ་ནེན་སི་པེ་ལོ་སི་ཕྱི་ལོ་༢༠༠༩ལོར་རྒྱ་ནག་ཏུ་ཕེབས་སྐབས་བོད་དུ་ཕེབས་འཐུས་ཆོག་པའི་བཀའ་ཁྲོལ་ཞུས་འདུག་ཀྱང་ རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཧེ་ཡ་ཕེ་མཚན་ཐོག་ནས་ལན་འདེབས་ཤིག་འབྱོར་བ་དེའི་ནང་ལྕམ་པེ་ལོ་སིའི་རྒྱ་ནག་གི་མཛད་འཆར་ཁག་དམ་དྲག་པའི་རྐྱེན་གྱིས་བོད་དུ་ཕེབས་རྒྱུའི་གོ་སྒྲིག་ཞུ་ཐུབ་རྒྱུ་མིན་པ་བརྗོད་ཡོད་འདུག།
འོན་ཀྱང་ཕྱིར་གྱར་བྱུང་བའི་གནས་ཚུལ་གཞན་ཞིག་གི་ནང་དབུས་ཨེ་ཤི་ཡའི་ཡུལ་གྲུ་ཀ་ཛཀསི་ཐན་ནང་གི་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁྲེང་ཀུ་ཕིང་གིས་ཨ་མི་རི་ཀའི་གཞུང་ཚབ་རི་ཆ་དྲི་ཧོག་ལེན་ལ་གསོལ་སྟོན་ཞིག་གི་སྐབས་ པེ་ལོ་སིས་ཁོང་རྒྱ་ནག་ཏུ་ཕེབས་རྒྱུ་དེས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཧ་ཅང་གི་ཞེད་སྣང་ཆེན་པོ་ལངས་དགོས་པ་ཞིག་བཟོས་ཡོད་པ་རེད་ཅེས་བརྗོད་པའི་ཏར་འཕྲིན་ཞིག་ཨ་མི་རི་ཀའི་གཞུང་ཚབ་ཧོག་ལེན་གྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་ཕུལ་ཡོད་པ་དེའི་ནང་གསལ་ཡོད་འདུག།
ལྕམ་ནེན་སི་པེ་ལོ་སི་མཆོག་ནི་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་བེུད་ཀྱི་ཚོགས་གཙོ་གནང་མཁན་དང་པོ་དེ་ཡིན་ལ་ ཁོང་ནི་རྒྱ་ནག་ནང་མང་གཙོ་དར་སྤེལ་དགོས་རྒྱུ་དང་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་མཁན་ཞིག་ཡིན་པ་རེད།
འདི་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་གི་ཨ་མི་རི་ཀའི་བར་མའི་འོས་བསྡུའི་སྐབས་མང་གཙོ་ཚོགས་པར་ཕམ་ཉེས་བྱུང་སྟབས་འདི་ལོ་ཕྱི་ལོ་དང་པོའི་རྗེས་ཁོང་གྲོས་ཚོགས་ཀྱི་ཚོགས་གཙོའི་མཛད་འཁུར་ནས་དགོངས་ཞུ་གནང་རྒྱུ་ཡིན་ཡང་མང་གཙོ་ཚོགས་པའི་དབུ་འཁྲིད་མུ་འཐུད་གནང་རྒྱུ་ཡིན་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཇི་ལྟར་གདན་ཞུས་ལྟར་ལྕམ་པེ་ལོ་སི་མཆོག་ཕྱི་ལོ་ ༢༠༠༨ཀྱི་ཕྱི་ཟླ་གསུམ་པའི་ནང་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱང་གནང་ཡོད་པ་རེད།