འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མིས་རྒྱ་གར་དང་བོད་གཉིས་ས་འབྲེལ་ཡིན་པ་ལས་རྒྱ་ནག་དང་ས་འབྲེལ་མིན་པ་བརྗོད་འདུག

2024.08.01
གནས་ཚུལ་ཁ་སྣོན། ༠༨།༠༢།༢༠༢༤
འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མིས་རྒྱ་གར་དང་བོད་གཉིས་ས་འབྲེལ་ཡིན་པ་ལས་རྒྱ་ནག་དང་ས་འབྲེལ་མིན་པ་བརྗོད་འདུག རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་གོང་མའི་ནང་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་ལེབ་ཆ་རྡོ་རྗེ་ཚེ་རིང་ལགས་ཀྱིས་གཏམ་བཤད་སྐབས། ༠༧།༣༠།༢༠༢༤
Screengrab /Sansad TV

༢༠༢༤ ཟླ་ ༧ ཚེས་ ༣༠ ཉིན་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་དངུལ་རྩིས་ལྷན་ཚོགས་འཚོགས་སྐབས། རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་ལེབ་ཆ་རྡོ་རྗེ་ཚེ་རིང་ (Dorjee Tshering Lepcha) ལགས་ཀྱིས། རྒྱ་གར་དབུས་གཞུང་ལ་དབྱིན་སྐད་དུ་(LAC) ཞེས་པའི་རྒྱ་དཀར་ནག་གཉིས་བར་གྱི་དངོས་གཞི་སྟངས་འཛིན་གྱི་ས་ཐིག་ལ་རྒྱ་ནག་གི་ས་མཚམས་ཞེས་མི་འབོད་པར། ཐ་སྙད་དེར་བཟོ་བཅོས་རྒྱབ་ནས་བོད་ཀྱི་ས་མཚམས་ཞེས་གཞུང་འབྲེལ་གྱི་ཐོག་ནས་འབོད་དགོས་པ་རྒྱ་གར་གྲོས་ཚོགས་གོང་མའི་ལྷན་ཚོགས་སྐབས་གསུངས་ཡོད་པ་རེད།
ཁོང་གིས་ད་དུང་ལ་དྭགས་ཀྱི་རྒྱལ་ས་གླེ་དང་ཨ་རུ་ཎ་ཅལ་མངའ་སྡེ་ནས་འབྲས་ལྗོངས་བར་རྒྱང་ཐག་སྤྱི་ལེ་ ༡༤༠༠ ཙམ་ཡོད་པའི་ས་མཚམས་དེ་ནི་བོད་ཀྱི་ས་མཚམས་རེད་མ་གཏོགས་རྒྱ་ནག་གི་ས་མཚམས་མ་རེད་ཅེས་དང་། རྒྱ་གར་དབུས་གཞུང་གི་ངོས་ནས་དམག་མི་དང་ས་མཚམས་ཀྱི་འགྲོ་ལམ་གསར་རྒྱག་ལས་ཁང་ཚོས་དབྱེ་མཚམས་འདི་དངོས་སུ་ངོས་འཛིན་གནང་སྟེ་གཞུང་འབྲེལ་གྱི་ཐོག་ནས་བོད་ཀྱི་ས་མཚམས་ཞེས་མིང་འདོགས་དགོས་པ་གཞུང་འབྲེལ་བཀོད་ཁྱབ་གནང་རྒྱུར་རེ་སྐུལ་ནན་པོ་ཞུས་འདུག
ཡང་ཁོང་གིས་རྒྱ་ནག་གཞུང་གིས་མཐའ་མཚམས་ཀྱི་ས་ཁུལ་མང་པོའི་མིང་བརྗེ་བསྒྱུར་བྱས་ཏེ་རྒྱ་གར་གྱི་ས་ཆར་བཙན་འཛུལ་བྱེད་བཞིན་པ་དེ་ཚོར་རྒྱ་གར་གཞུང་གིས་ཐུགས་ཟབ་གནང་དགོས་པ་དང་། རྒྱ་གར་གཞུང་གིས་འཕགས་བོད་ས་མཚམས་ལ་ལྟ་སྟངས་དང་ངོས་འཛིན་ཡང་དག་བྱ་རྒྱུ་ནི་གལ་ཆེན་པོ་རེད་ཅེས་གསུངས་འདུག དེ་སྔོན་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་ཀྱང་དེ་ལྟར་གསུངས་མྱོང་ཡོད་པ་རེད།།

ད་དུང་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་ལེབ་ཆ་རྡོ་རྗེ་ཚེ་རིང་ལགས་ཀྱིས་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་ནང་ཕེབས་སུ་འཇུག་དགོས་པ་དང་། དེ་བཞིན་འབྲས་ལྗོངས་ནས་བོད་ནང་གི་མཚོ་མ་ཕམ་གཡུ་མཚོ་སོགས་ལ་གནས་མཇལ་གྱི་ལམ་ཁ་བསྐྱར་དུ་སྒོ་ཕྱེས་ཏེ་གནས་མཇལ་བར་ཞབས་ཞུ་སྒྲུབ་དགོས་པ་སོགས་ཀྱི་འབོད་སྐུལ་ཞུས་ཡོད་པ་རེད།
གནད་དོན་དེའི་ཐད་རེས་གཟའ་ཟླ་བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུག་ལ་ཕེབས་འཆར་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཁོངས་ནས་བོད་མི་མང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས། ལོ་རྒྱུས་ཐོག་བོད་དང་རྒྱ་གར་བར་འཕགས་བོད་ས་མཚམས་མ་གཏོགས་ཡོད་པ་མ་རེད། ད་ལྟ་རྒྱ་གར་གྲོས་ཚོགས་ནང་འཕགས་བོད་ས་མཚམས་སྐོར་གླེང་སློང་བྱས་པ་དེ་ནི་ཧ་ཅང་གནད་འགག་ཅིག་ཆགས་ཀྱི་ཡོད། རྒྱ་གར་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཡོད་མེད་ལ་མ་བལྟོས་པར་རྒྱ་གར་གྱི་གྲོས་ཚོགས་དང་མི་མང་ནང་རྒྱ་ནག་གི་བྱ་སྤྱོད་ལ་བརྟེན་ནས་སྲིད་ཇུས་ཐད་ཅུང་འགྱུར་བ་ཡོང་བཞིན་པ་དང་། དེ་ནི་བོད་དོན་ཐད་རྒྱ་གར་གིས་གཙིགས་ཆེན་བྱེད་པའི་མཚོན་རྟགས་ཤིག་ལའང་ངོས་འཛིན་གནང་གི་འདུག
ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་དང་བོད་ཀྱི་མཐའ་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་འཁྲུག་རྩོད་ཤོར་ནས་རྒྱ་གར་ཕྱོགས་ཀྱི་དམག་མི་ ༢༠ ཡི་ཚེ་སྲོག་ཤོར་བ་དང་། རྒྱ་ནག་གི་ཕྱོགས་ནས་ཉུང་མཐའ་མི་གྲངས་ ༤ ཡི་ཚེ་སྲོག་ཤོར་ཡོད་པར་བརྟེན། ཡུལ་གཉིས་བར་མཐའ་མཚམས་གནས་སྟངས་ཐད་འབྲེལ་ལམ་ཛ་དྲག་ཏུ་འགྲོ་བཞིན་པ་དང་། ཕྱི་ཟླ་ ༧ ཚེས་ ༣༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་དང་རྒྱ་ནག་གཉིས་བར་རྒྱ་དཀར་ནག་གི་མཐའ་མཚམས་གནད་དོན་སྐོར་གྲོས་མོལ་ཐེངས་ ༣༠ པ་ཚོགས་ཡོད་པ་དང་། གྲོས་མོལ་དེ་ནི་གཏིང་ཟབ་པོ་དང་ཕན་ཐོགས་ལྡན་པ། མ་འོངས་པར་དམིགས་པ་ཞིག་བྱུང་ཡོད་ཅེས་གསུངས་པ་མ་ཟད། ཕྱོགས་གཉིས་ཀས་སྔར་ཡོད་ཀྱི་ཕྱི་འབྲེལ་ཐབས་བྱུས་དང་དམག་དོན་གྱི་བརྒྱུད་ལམ་བརྒྱུད་དེ་འབྲེལ་བ་མུ་མཐུད་དུ་གནས་རྒྱུར་མོས་མཐུན་བྱུང་ཡོད་པ་གསར་ལམ་ཁག་ནང་གནས་ཚུལ་ཐོན་འདུག
གཞན་ཡང་མི་འགྱངས་པར་ཕྱི་ཟླ་ ༨ ཚེས་ ༥ ནས་ ༩ བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་ནས་བོད་དོན་ཞུ་གཏུག་གནང་འཆར་ཡོད་པ་རེད།།


གསར་འགོད་པ། ཚེ་དབང་དངོས་གྲུབ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎