འཕགས་བོད་ས་མཚམས་སྤང་གོང་མཚོའི་ཉེ་འགྲམ་དུ་རྒྱ་ནག་གིས་རྟེན་གཞི་གསར་བ་ཞིག་བརྒྱབ་ཡོད་འདུག

དེ་ཡང་ཕྱི་ཚེས་༡༤ཉིན་རྒྱ་གར་གྱི་(NDTV)་གསར་འགྱུར་ལས་ཁང་གིས་ལྡི་ལི་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་དམག་དཔུང་གི་མཐོ་རིམ་དཔོན་རིགས་ཤིག་གིས་སྲུང་སྐར་པར་རིས་བརྒྱུད་ཉམས་ཞིབ་བྱས་པའི་སྙན་ཐོའི་ནང་། འཕགས་བོད་ས་མཚམས་སྤང་གོང་མཚོའི་(Pangong Lake)་ཉེ་འགྲམ་བྱང་ཕྱོགས་སུ་རྒྱ་ནག་གིས་རྟེན་གཞི་གསར་བ་ཞིག་བརྒྱབ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། དེ་དངོས་ཡོད་སྟངས་འཛིན་ས་ཐིག་(LAC)གི་རྒྱ་ནག་ཕྱོགས་ཀྱི་རྟེན་གཞི་གང་རུང་དང་མི་འདྲ་བ་ཞིག་ཡིན་པ་བརྗོད་འདུག
གོང་ཞུས་སྙན་ཐོའི་ནང་རྟེན་གཞི་དེའི་པར་རིས་དང་བཅས་ཕྱིར་བསྒྲགས་བྱས་ཏེ། རྟེན་གཞི་དེ་དངོས་ཡོད་སྟངས་འཛིན་ས་ཐིག་ཤར་ཕྱོགས་ཕྱོགས་ཀྱི་སྤྱི་ལེ་༣༦གི་སར་རྒྱ་ནག་གི་དབང་བསྒྱུར་འོག་གི་བོད་ཀྱི་ས་ཁོངས་སུ་ཡོད་ཅིང་། དེ་ལས་རྒྱ་ནག་ཕྱོགས་ནས་དངོས་ཡོད་སྟངས་འཛིན་ས་ཐིག་ཉེ་འགྲམ་གྱི་དེ་སྔོན་སུས་ཀྱང་བདག་འཛིན་བྱས་མེད་པའི་ས་ཁུལ་དུ་གནོན་ཤུགས་རྒྱ་བསྐྱེད་ཀྱི་ཐབས་ཇུས་གསར་བ་ཞིག་ངོས་འཛིན་བྱས་འདུག

རྒྱ་ནག་གི་དམག་ཕྱོགས་ནས་བརྗོད་ན། རྟེན་གཞི་དེར་གཏན་འཇགས་བཟོ་སྐྲུན་༧༠ལྷག་ཡོད་པ་དེ་མངའ་ཁུལ་ཁག་ཏུ་ཁ་འཐོར་དུ་ཡོད་འདུག་ལ། དེ་ནི་མེ་ཤུགས་འཕུར་མདའི་གཏོར་རྒོལ་ལས་གཡོལ་བའི་ཉེན་ཁ་ཆུང་དུ་འགྲོ་བའི་ཆེད་ཡིན་ཞིང་། ཡང་སྙན་ཐོའི་ནང་རྟེན་གཞི་དེར་ནུས་བ་གཙོ་བོ་གཉིས་ཡོད་པ་ནི། རྒྱ་ནག་གིས་ས་ཁུལ་དེར་བཟོ་སྐྲུན་བྱ་སྤྱོད་སྤེལ་མཁན་དམག་མི་དང་སྐྱེལ་འདྲེན་ལས་བཟོ་བར་སྡོད་ཁང་མཁོ་སྤྲོད་ཆེད་དང་དེ་མིན་མཁོ་ཆས་དངོས་ཟོག་གསོག་ཉར་ཁང་ཡིན་པའི་ཚོད་དཔག་བྱེད་ཀྱིན་འདུག
དམག་དོན་ཆེད་མཁས་པས། བཟོ་སྐྲུན་ས་ཚིགས་རེ་རེར་དམག་མི་དྲུག་ནས་བརྒྱད་བར་སྡོད་ཆོག་པ་དང་དངོས་ཟོག་ཏུན་བཅུ་ཡི་མཁོ་ཆས་དངོས་ཟོག་གསོག་ཉར་ཐུབ་པ་དང་། དེའི་ནང་དུ་འབར་མདེལ་དང་མདེའུ་ཡང་ཚུད་ཡོད་སྲིད་པ་བརྗོད་འདུག དེ་བཞིན་འཕྲུལ་ཆས་ལྗིད་པོ་དང་། མཁོ་ཆས་མཛོད་ཁང་ཆེན་པོ་ཡོད་པ་བཅས་ཀྱི་ཆ་ནས་བལྟས་ན་གྲོང་གསེབ་འདིར་གསར་གཏོད་རྒྱ་བསྐྱེད་ཀྱི་ལས་གཞི་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་མངོན་གསལ་ཡིན་པ་ས་ཁམས་བར་སྟོང་པར་རིས་ཆེད་མཁས་པ་(Damien Symon)་ལགས་ཀྱིས་བརྗོད་འདུག

སྤྱི་ལོ་༢༠༢༢་ལོའི་ཟླ་༤བའི་ནང་སྤང་གོང་མཚོ་ཐོག་ཏུ། རྒྱ་ནག་གིས་(pre-fabricated structure)་ཞེས་ལྷུ་སྒྲིག་ཟམ་པ་ཐོག་མ་དེ་བརྒྱབ་ཡོད་པ་དང་། ཟམ་པ་དེ་བོད་ཀྱི་མངའ་རིའི་རུ་ཐོག་རྫོང་བར་མཐུད་ཆེད་གཞུང་ལམ་ཞིག་ཀྱང་གསར་རྒྱག་བྱས་ཡོད་པ་རེད།
སྤྱི་ལོ་༢༠༢༠ཕྱི་ཟླ་༦པའི་ཚེས་༡༥ཉིན་འཕགས་བོད་ས་མཚམས་གྷལ་ཝན་ལུང་གཤོངས་ (Galwan Valley)་སུ་རྒྱ་གར་དང་རྒྱ་ནག་གི་མཐའ་སྲུང་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་༢༠དང་ཉུང་མཐར་རྒྱ་ནག་གི་མཐའ་སྲུང་དམག་མི་༤ཡི་ཚེ་སྲོག་ཤོར་རྗེས། རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་མཐའ་མཚམས་ས་ཐིག་བར་གྱི་མངའ་ཁོངས་དག་སྲུང་སྐྱོབ་ནན་མོ་བྱས་ཏེ། མཐའ་མཚམས་ཀྱི་བདེ་འཇགས་དང་སྲུང་སྐྱོབ་ཀྱི་ཆེད། འཕགས་བོད་མཐའ་མཚམས་སུ་རྒྱ་དཀར་ནག་གཉིས་ཀས་འཛུགས་སྐྲུན་དང་མཐའ་མཚམས་དམག་དོན་ལ་དོ་སྣང་ཆེན་པོས་ཡར་རྒྱས་བཏང་དང་གཏོང་བཞིན་ཡོད་འདུག
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།