བཙོན་ཟུར་མཁྱེན་རབ་མཐར་ཕྱིན་ལཊ་སྐུ་གྲོངས་འདུག


2016.08.09
ཆབ་སྲིད་བཙོན་ཟུར་དགེ་འདུན་པ་མཁྱེན་རབ་མཐར་ཕྱིན་ལཊ་ཀྱི་ཉེ་པར་དང་སྐུ་གྲོངས་ཟིན་པའི་པར། ༢༠༡༦ ཆབ་སྲིད་བཙོན་ཟུར་དགེ་འདུན་པ་མཁྱེན་རབ་མཐར་ཕྱིན་ལཊ་ཀྱི་ཉེ་པར་དང་སྐུ་གྲོངས་ཟིན་པའི་པར། ༢༠༡༦
ལ་སྟོད་ཕོ་ཉ།

ལོ་མང་བཙོན་ཁང་ནང་མནར་གཅོད་མྱངས་བའི་ཆབ་སྲིད་བཙོན་ཟུར་དགེ་འདུན་པ་མཁྱེན་རབ་མཐར་ཕྱིན་ལཊ་སྐུ་གྲོངས་ཡོད་འདུག
དེ་ཡང་འདི་གའི་རྡ་སའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཆབ་སྲིད་བཙོན་ཟུར་དིང་རི་ཤེལ་དཀར་ཆོས་སྡེ་དགོན་པའི་གྲྭ་མཁྱེན་རབ་མཐར་ཕྱིན་ལགས་ལ་དེ་སྔ་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་ཚད་མེད་བཏང་བའི་ནད་གཞིའི་རྐྱེན་གྱིས་ཟླ་འདིའི་ཕྱི་ཚེས་༨་ཉིན་ནང་ནས་མྱུར་སྐྱོབ་སྨན་ཁང་ལ་འཁྱེར་སྐབས་ལམ་བར་དུ་གྲོངས་ཡོད་འདུག
དེ་ཡང་འབྲེལ་ཡོད་དགེ་འདུན་པ་ཞིག་གིས་བརྗོད་དོན། དེ་སྔ་ཕྱི་ལོ་༢༠༠༨་ཟླ་༥་པའི་ནང་དིང་རི་ཤེལ་དཀར་ཆོས་སྡེ་དགོན་པའི་དགེ་འདུན་པ་ཚོས། རྒྱ་ནག་གཞུང་གི་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། གཞི་རྒྱ་ཆེ་བའི་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བའི་གསང་བརྡ་ཕྱིར་གྱར་བར་བརྟེན། ཕྱིས་སུ་རྒྱ་གཞུང་ཉེན་རྟོག་པས་གྲྭ་མཁྱེན་རབ་མཐར་ཕྱིན་ལགས་ཀྱི་གཙོས་དགེ་འདུན་པ་ཞལ་གྲངས་༡༣་འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་ནས་དགེ་འདུན་པ་གསུམ་ལ་ལོ་གཅིག་དང་ཕྱེད་ཀྱི་ཁྲིམས་ཐག་བཅད་ཡོད། གྲྭ་མཁྱེན་རབ་མཐར་ཕྱིན་ལགས་ངོ་རྒོལ་ལས་འགུལ་གྱི་བྱེད་གཏེ་ཡིན་པའི་ཉེས་མིང་བཙུགས་ནས་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། ལོ་གསུམ་ལ་གཞིས་ཀ་རྩེ་བཙོན་ཁང་དུ་བཅུག་པ་དང་། དེ་ནས་ལོ་གཉིས་རིང་ལྷ་སའི་ཆུ་ཤུར་བཙོན་ཁང་ནང་དུ་བཅུག་ནས་རྡུང་རྡེག་མནར་གཅོད་བཏང་ཡོད།
ཕྱི་ལོ་༢༠༡༣་ལོའི་ལོ་མཇུག་ཏུ་བཙོན་འཇུག་དུས་ཡུན་ཚང་སྟེ་ཁོང་ཀློད་གྲོལ་བཏང་ཡོད་ཀྱང་། བཙོན་ཁང་དུ་རྡུང་རྡེག་མནར་གཅོད་ཚད་མེད་བཏང་བ་དང་། འཚོ་རྟེན་སྨན་བཅོས་ཀྱི་ཆ་རྐྱེན་ཞན་པོ་ཡིན་པའི་རྐྱེན་གྱིས། ཁོང་གཅོང་ནད་ཅན་དུ་གྱུར་ཡོད་པ་རེད།
དེ་ནས་རང་ཁྱིམ་དུ་བསྡད་དེ་ཡུན་རིང་སྨན་བཅོས་བྱས་ཡོད་ཀྱང་ཕན་འབྲས་མ་ཐོན་པར་ཟླ་འདིའི་ཕྱི་ཚེས་༨་ཉིན་ཛ་དྲག་གྱུར་ནས་སྐུ་གྲོངས་ཡོད་འདུག
གྲོངས་མ་ཐག་པའི་དགེ་འདུན་པ་མཁྱེན་རབ་མཐར་ཕྱིན་ལགས་ནི་བོད་ཀྱི་ནུབ་ཕྱོགས་དིང་རི་རྫོང་གྲུ་བཞི་གྲོང་ཚོའི་ཡིན་ཞིང་། ད་ལོ་དགུང་གྲངས་༤༠་ཙམ་ཡིན་འདུག

གསར་འགོད་པ་ཀེ་ཐོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎