རྡ་རམ་ས་ལའི་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་སུ་ཀང་ར་རྫོང་གི་ཆེས་མཐོའི་གཟེངས་རྟགས་གནང་འདུག

རྒྱ་གར་རྡ་རམ་ས་ལའི་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་སུ་ཀང་ར་རྫོང་དཔོན་ ཧེམ་རཇ་ སྦཡེར་ཝ་ (Shri Hemraj Bairwa) ལགས་ཀྱིས་ཀང་ར་རྫོང་གི་ཆེས་མཐོའི་གཟེངས་རྟགས་གནང་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དཀོན་མཆོག་མིག་དམར་ལགས་སུ་ཞལ་པར་བརྒྱུད་ནས་བཀའ་འདྲི་ཞུས་སྐབས། ཁོང་ལ་གཟེངས་རྟགས་དེ་འདྲ་ཞིག་ཐོབ་པ་ནི་ཁོང་གིས་རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱི་འོས་འགན་ཁུར་བ་ནས་བཟུང་། རྡ་རམ་ས་ལའི་ཁུལ་གྱི་བོད་མིའི་སྐྱིད་སྡུག་གི་གནས་སྟངས་ཙམ་མ་ཡིན་པར། རྒྱ་གར་བ་འདུས་པའི་ས་གནས་ཡུལ་མི་ཡོངས་ཀྱི་དཀའ་ངལ་ཁག་དང་གནད་དོན་མང་དག་ཅིག་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ནམ་རྒྱུན་ཡར་ཞུ་དང་བོད་མིར་མཐུན་རྐྱེན་སྦྱོར་ཕྱོགས་ཀྱི་སྲིད་ཇུས་བརྩོན་ལེན་གྱིས་ཕྱག་ལས་གནང་པར་ངོས་འཛིན་དང་ཐུགས་རྗེ་ལེགས་འབུལ་གྱི་ཚུལ་དུ་གནང་བ་ཞིག་ཡིན་པ་གསུངས་བྱུང་།
གཞན་ཁོང་ལ་རྡ་རམ་ས་ལའི་རྒྱ་གར་ཡུལ་མི་དང་བོད་ཀྱི་མཐུན་ལམ་གྱི་སྐོར་ལ་ཕྱག་ལས་གནང་སྟངས་ཀྱི་སྐོར་ནས་བཅར་འདྲི་ཞུ་དུས། ཁོང་གིས་སྤྱིར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་མཐུན་ལམ་ཤིན་ཏུ་ཡག་པོ་ཡོད་ནའང་། རྒྱ་གར་ཡུལ་མི་དང་བོད་མི་སོགས་འདུས་སྡོད་བྱེད་སའི་མིའི་རིགས་ཀྱི་སྤྱི་ཚོགས་ཤིག་ཡིན་སྟབས་གནད་དོན་ཆུང་ངུ་རེ་འབྱུང་མི་སྲིད་པ་མ་རེད། འོན་ཀྱང་གནད་དོན་ག་རེ་བྱུང་བ་ཡིན་ནའང་རྒྱ་གར་གྱི་འབྲེལ་ཡོད་ས་གནས་འགན་འཛིན་ཚང་མ་ལྷན་འཛོམས་ཀྱིས་ཞི་མོལ་དང་དྲང་བདེན་གཞིར་བཟུང་ནས་ཐག་གཅོད་བྱ་ཐབས་བྱས་པ་སོགས་ལ་གཞུང་མང་གཉིས་ཀྱིས་དགའ་མོས་གནང་གི་ཡོད་པའི་སྐོར་འགྲེལ་བརྗོད་གནང་བྱུང་།
དཀོན་མཆོག་མིག་དམར་ལགས་ནི་ཕྱི་ལོ་ ༡༩༩༧ ལོར་བོད་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་སླེབས་པ་དང་། གྷོ་པཱལ་པུར་བོད་ཁྱིམ་དུ་འགྲིམས་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཐོ་རིམ་སློབ་གྲྭའི་ཆབ་སྲིད་ཚན་རིག་གི་བསླབ་པ་མཐར་སོན་བྱུང་རྗེས། བཞུགས་སྒར་དུ་བོད་ཀྱི་ཐེབས་རྩ་ཁང་དུ་ལོ་གཅིག་ཙམ་ལ་ཕྱག་ལས་གནང་བ་དང་། ཕྱི་ལོ་ ༢༠༡༨ ལོ་ནས་རྡ་ས་ས་གནས་འགོ་འཛིན་ལས་ཁང་དུ་ཉམས་ཐག་དང་རོགས་ཚོགས་དྲུང་ཡིག་གཅིག་ལྕོགས་ཀྱི་ཞབས་འདེགས་ལོ་བཞི་རིང་བསྒྲུབས་ཏེ། ཕྱི་ལོ་ ༢༠༢༢ ལོར་རྡ་ས་ས་གནས་འགོ་འཛིན་དུ་འོས་འདེམས་བྱུང་སྟེ་ད་ལྟ་འགན་འཁུར་བཞེས་མུས་ཡིན་འདུག
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།