ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ལ་དམངས་གཙོའི་གཟེངས་རྟགས་ཐོབ་འདུག

2023.11.16
ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ལ་དམངས་གཙོའི་གཟེངས་རྟགས་ཐོབ་འདུག ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ལ་༢༠༢༣ལོའི་དམངས་གཙོའི་གཟེངས་རྟགས་གང་ཟག་གཅིག་གི་སྙིང་སྟོབས་ཞེས་པ་ཐོབ་སྐབས། ༡༡།༡༤།༢༠༢༣
མཐུན་འགྱུར་པར་རིས།/RFA

དེ་ཡང་འདི་ཚེས་༡༤ཉིན་(National Endowment for Democracy)་ཞེས་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཡར་སྐུལ་ཐེབས་རྩ་ཚོགས་པས་༢༠༢༣ལོའི་དམངས་གཙོའི་གཟེངས་རྟགས་གང་ཟག་གཅིག་གི་སྙིང་སྟོབས་ཞེས་པ་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་ཕུལ་ཡོད་པ་དང་། ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཡར་སྐུལ་ཐེབས་རྩ་ཚོགས་པའི་གཟེངས་རྟགས་དེ་བཞིན་ལས་དོན་གྱི་ཆེད་དུ་འཛིན་བཟུང་བཙོན་འཇུག་དང་། ཡང་ན་རང་སྲོག་བློས་བཏང་བའི་སྙིང་སྟོབས་ཅན་གྱི་དམངས་གཙོ་ལས་འགུལ་བར་གཟེངས་བསྟོད་ཆེད་ཕུལ་ཞིན་པ་རེད།
མགོ་ལོག་འཇིགས་མེད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་ཐེངས་མང་གཙོའི་གཟེངས་རྟགས་འདི་ཐོབ་པར་ང་ཚོ་བོད་མི་འཐབ་རྩོད་པ་ཞིག་གི་ངོས་ནས། རང་དབང་གི་ཆེད་དུ་འཐབ་རྩོད་བྱས་བ་ཡིན་ན་དོ་སྣང་བྱེད་མཁན་དང་བདག་པོ་བྱེད་མཁན་འདུག་བསམ་པའི་ཚོར་བ་བྱུང་ལ་དགའ་བོ་བྱུང་། ཡིན་ན་ཡང་ངའི་ལས་གྲོགས་དང་རོགས་པ་མང་པོ་ཞིག་བོད་ནང་རྒྱ་ནག་གིས་བཙོན་འཇུག་བྱས་བསྡད་ཡོད་པ་དང་། འདས་གྲོངས་སུ་ཕྱིན་པ་ཡོད་པ་དེ་ཚོ་བསམ་ན་ཡིད་སྐྱོ་བོ་ཡང་བྱུང་བ་ངོ་སྤྲོད་གནང་བྱུང་།

F-8FPhuXQAA9og_.jpg
Photo @NED


ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཡར་སྐུལ་ཚོགས་པའི་གནས་ཚུལ་ནང་། ༢༠༢༣་ལོ་གཅིག་པུར་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་མཉམ་ལས་པ་དང་གནད་ཡོད་ལས་བྱེད་པ་༡༠༠ལྷག་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྲིད་དབང་སྒེར་གཅོད་པས་འཛིན་བཟུང་དང་དམར་གསོད་བཏང་ཡོད་ལ། དེ་དག་ནི་གོ་ལ་ཧྲིལ་བོའི་མང་གཙོ་དོན་གཉེར་བའི་ཆ་ཤས་ཤིག་ཡིན་ཞིང་། ཁོང་ཚོས་མཇུག་འབྲས་ལ་ཚོད་དཔག་མི་ཐུབ་པའི་གནས་སྟངས་འོག་ཞུམ་པ་མེད་པའི་སྙིང་སྟོབས་མངོན་ཡོད། ཉེན་ཁ་ཡོད་མེད་ལ་མ་བལྟོས་པར་འོས་འགན་ཁུར་དུ་བླངས་ནས་རང་དབང་གི་འཚོ་བ་འཚོལ་སྙེག་བྱེད་བཞིན་པའི་མི་རྣམས་ཀྱི་ཆེད་འཐབ་རྩོད་བྱས་ཡོད་པར་བརྟེན། ཁོང་ཚོའི་སྣེ་ཁྲིད་པའི་ནུས་པ་དང་སྙིང་སྟོབས་ལ་ང་ཚོས་དུས་ནམ་ཡང་རྗེས་སུ་ཡི་རང་དང་བསྟོད་བསྔགས་ཡོད་ཅེས་བཀོད་འདུག
ད་ལོའི་གཟེངས་རྟགས་དེ་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་ལྷན་དུ། ཤར་ཨ་ཧྥི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཁྲིམས་རྩོད་པ་(Nicholas Opiyo) ལགས་སུ་དམངས་གཙོའི་གཟེངས་རྟགས་དེ་ཕུལ་ཡོད་འདུག
ཡོ་རོབ་སུད་སིར་གནས་བཞུགས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དངོས་སུ་ཨ་རིར་ཕེབས་ནས་གཟེགས་རྟགས་དེ་དགྱེས་བཞེས་གནང་ཡོད་པ་དང་། མགོ་ལོག་འཇིགས་མེད་དང་དོན་འགྲུབ་དབང་ཆེན་གཉིས་ཀྱིས་༢༠༠༨ལོར་བོད་ནང་གི་བོད་མིའི་འདོད་བློ་ངོ་མ་བསྡུ་རུབ་གནང་ནས་༼འཇིགས་བྲལ༽་ཞེས་པའི་དངོས་བྱུང་གློག་བརྙན་དེ་བཟོས་ཡོད་པ་དང་། དེའི་རྐྱེན་པས་མགོ་ལོག་འཇིགས་མེད་དང་དོན་འགྲུབ་དབང་ཆེན་གཉིས་ཀ་འཛིན་བཟུང་བཙོན་འཇུག་བྱས་པ་དང་། ༢༠༠༨ལོ་ནས་༢༠༡༢བར་མགོ་ལོག་འཇིགས་མེད་ལགས་ཐེངས་གསུམ་ལ་འཛིན་བཟུང་བྱས་ཤིང་། མཐར་གསང་སྟབས་ཀྱིས་བཙན་བྱོལ་ལ་ཕེབས་ཡོད་པ་རེད། མགོ་ལོག་འཇིགས་མེད་ལགས་དང་དོན་གྲུབ་དབང་ཆེན་གཉིས་རང་དབང་ཡུལ་གྲུར་ཐོན་རྗེས་མུ་མཐུད་དུ་བོད་དོན་གྱི་ཆེད་དུ་ལས་འགུལ་སྣ་ཚོགས་ནང་མཉམ་ཞུགས་གནང་ནས་བོད་ཀྱི་རང་དབང་འཐབ་རྩོད་བྱེད་མུས་སུ་ཡོད་པ་རེད།


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎