དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གྷི་ལགས་ལ་ཨ་རིའི་ཨེ་མོ་རི་ཇེ་ཧྥུར་སིན་གཟེངས་རྟགས་ཐོབ་འདུག

2024.05.10
དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གྷི་ལགས་ལ་ཨ་རིའི་ཨེ་མོ་རི་ཇེ་ཧྥུར་སིན་གཟེངས་རྟགས་ཐོབ་འདུག དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གྷི་ལགས།
Photo by Kay Hinton, Emory Photo/Video

ཨ་རིའི་ཇོར་ཇི་ཡ་མངའ་སྡེའི་ཨ་ཐི་ལན་ཌི་གྲོང་ཁྱེར་ནང་ཡོད་པའི་ཨེ་མོ་རི་(Emory)་གཙུག་ལག་སློབ་ཆེན་གྱིས། ཕྱི་ལོ་༢༠༢༤ལོའི་ཇེ་ཧྥུ་སིན་གཟེངས་རྟགས་(Jefferson Award)་དེ་སྒོམ་གྲུབ་ཚན་རིག་དང་བྱམས་སྙིང་རྗེ་སྤེལ་ཐབས་ལྟེ་གནས་ཁང་གི་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གྷི་ལགས་སུ་ཕུལ་རྒྱུའི་གསལ་བསྒྲགས་བྱས་འདུག་ལ། དགེ་བཤེས་ལགས་ནས་བོད་ཀྱི་དགོན་སྡེ་ཁག་གི་སློབ་གཉེར་བ་དང་ནུབ་ཕྱོགས་པའི་ཚན་རིག་བར་ཕན་ཚུན་ཤེས་བྱ་དང་བློ་བསྐྱེད་གསར་བ་ཞིག་སྒོ་ཕྱེ་བའི་ཐོག་ནས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཐོག་ཕྱག་ལས་རླབས་ཆེན་གནང་དང་གནང་མུས་ལ་ངོས་འཛིན་ཆེ་བསྟོད་གནང་བ་ཞིག་རེད་འདུག
དེའི་སྐོར་ལ་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་སྒོམ་སྒྲུབ་ཚན་རིག་དང་བྱམས་སྙིང་རྗེ་སྤེལ་ཐབས་ལྟེ་གནས་ཁང་གི་སིའི་ཤེས་ཡོན་སྦྱོང་བརྡར་ཐད་ཀྱི་ཉམས་ཞིབ་པ་བསྟན་འཛིན་བསོད་ནམས་ལགས་ནས་ཨ་རིའི་སྲིད་འཛིན་ཐོ་མ་སི་ཇེ་ཧྥུར་སིན་གྱི་མཚན་ཐོག་ནས་ཨེ་མོ་རི་སློབ་ཆེན་ནང་བཙུགས་ཡོད་པའི་གཟེངས་རྟགས་དེ་སློབ་ཆེན་དེའི་ནང་རྒྱུན་རིང་ཕྱག་ལས་འབུར་ཐོན་གནང་མཁན་ལ་འབུལ་སྲོལ་ཡོད་པ་བཞིན་ད་ལོ་ཁོང་ཚོའི་ལྟེ་གནས་ཁང་གི་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གྷི་ལགས་སུ་ཕུལ་རྒྱུ་ཡིན་པ་དང་། ཐེངས་འདིར་དགེ་བཤེས་ལགས་སུ་གཟེངས་རྟགས་དེ་རག་པ་ནི་ལྟེ་གནས་ཁང་དེའི་ཕྱག་ལས་ཐད་ཆེ་མཐོང་གནང་བ་ཡིན་པས་ཁོང་ཚོར་ཡང་སེམས་ཤུགས་སྤར་ཡོད་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཕྱི་ལོ་༢༠༢༤ལོའི་ཇེ་ཧྥུར་སིན་གཟེངས་རྟགས་དེ་ཟླ་འདིའི་ཚེས་༡༣་སྟེ་རེས་གཟའ་ཟླ་བའི་ཉིན་སློབ་གྲྭ་དེའི་སློབ་ཕྲུག་གི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་དངོས་སུ་འབུལ་རྒྱུ་རེད་འདུག
དེ་བཞིན་ཨེ་མོ་རོས་གཙུག་ལག་སློབ་ཆེན་གྱི་དྲྭ་གནས་སྟེང་གནས་ཚུལ་སྤེལ་བའི་ནང་། དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གྷི་ལགས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན། ལས་གཞི་འདི་གསར་འཛུགས་དང་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་བ་ཡིན་ན་ལས་གཞི་འདི་ཡར་རྒྱས་ཆེན་པོ་ཕྱིན་པ་མ་ཟད། ཨེ་མོ་རི་ཀྱི་ཤེས་ཡོན་སློབ་གསོའི་དགོངས་གཞིའི་རེ་འདོད་བསྐང་ཡོད་པ་དང་དེ་བཞིན་འཛམ་གླིང་སྟེང་གི་མི་མང་པོ་ཞིག་གི་དགོས་མཁོ་བསྒྲུབ་ཐུབ་ཡོད་པ་འདི་མི་མང་པོ་ཞིག་གི་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཡིན་པ་གསུངས་ཡོད་པའི་གནས་ཚུལ་བཀོད་འདུག
ཨེ་མོ་རི་གཙུག་ལག་སློབ་གྲ་ཆེན་མོའི་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གྷི་ལགས་ནི། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཇི་བཞིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོ་ལག་ལེན་དུ་བསྟར་མཁན་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། (SEE Learning)་ཞེས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཀྱི་སློབ་གསོའི་ལས་འཆར་དེ་བཞིན་ཨ་མི་རི་ཀའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོས་༧གོང་ས་མཆོག་གི་དགོངས་གཞི་ཇི་བཞིན་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། སིའི་ཤེས་ཡོན་ལས་དོན་དེ་བཞིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་། རྒྱ་གར་དང་ཨ་རི། སོག་ཡུལ་སོགས་རྒྱལ་ཁབ་བཞི་བཅུ་ལྷག་གི་སློབ་གྲྭ་ཁག་བདུན་ཁྲི་བརྒལ་བའི་ནང་ལག་ལེན་དང་སློབ་ཕྲུག་ས་ཡ་བཅུ་ཡིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཀྱི་སློབ་གསོ་མྱངས་ཡོད་པ་རེད།
དེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ནང་ཆོས་ཀྱི་ཚན་རིག་དང་དེང་རབས་ཀྱི་ཚན་རིག་བར་སེམས་ཁམས་རིག་གནས་ཐད་ཕན་ཚུན་ལེགས་ཆ་སྤེལ་རྒྱུའི་གོ་སྐབས་བཟང་པོ་ཡོད་པའི་ལམ་སྟོན་ཕེབས་པ་ལྟར། ཕྱི་ལོ་༡༩༩༡་ལོར་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གྷི་ལགས་ཨ་རིའི་ཨ་ཌི་ལེན་ཊ་རུ་ཕེབས་ཏེ་ཕྱི་ལོ་༡༩༩༥ལོར་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་དང་བོད་ཀྱི་མཐུན་ཚོགས་བར་སྡེ་ཚན་དེ་དངོས་སུ་བཙུགས་ཤིང་། ཕྱི་ལོ་༢༠༡༧ལོར་གོང་ཞུས་སྒོམ་སྒྲུབ་ཚན་རིག་དང་བྱམས་སྙིང་རྗེ་སྤེལ་ཐབས་ལྟེ་གནས་ཁང་དུ་མིང་བརྗེ་བསྒྱུར་གྱིས་ནམ་རྒྱུན་ཨེ་མོ་རོས་བྱམས་སྙིང་རྗེའི་ལྟེ་གནས་ཁང་ཞེས་འབོད་ཀྱི་ཡོད་པ་དང་། ད་ལྟ་དེ་ན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གྷི་ལགས་ཀྱི་སྣེ་ཁྲིད་འོག་གཏན་འཇགས་ལས་བྱེད་༣༠་ལྷག་གིས་ཕྱག་ལས་གནང་བཞིན་པ་རེད།


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎