སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པའི་སྐབས་དམག་མི་མང་པོ་འགྲེམས་འཇོག་བྱས་བར་ཨ་ཀྱཱ་རིན་པོ་ཆེ་ཡིས་བློ་ཚབས་གནང་བཞིན་འདུག

2023.02.07
སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པའི་སྐབས་དམག་མི་མང་པོ་འགྲེམས་འཇོག་བྱས་བར་ཨ་ཀྱཱ་རིན་པོ་ཆེ་ཡིས་བློ་ཚབས་གནང་བཞིན་འདུག སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པའི་སྐབས་རྒྱ་ནག་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཡོད་པ། ༠༢།༠༥།༢༠༢༣
བོད་འབྱོར།/RFA

ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་ནས་ལོ་གསུམ་གྱི་རྗེས་སུ། ད་ལོ་ལུགས་རྙིང་ལོ་སར་གྱི་ཚེས་༡༥ཉིན་ཐེངས་དང་པོར་རྗེ་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་སྤེལ་ཏེ་གནས་མཇལ་བ་དང་དད་ལྡན་པ་མི་མང་པོ་འཛོམས་ཡོད་ཀྱང་། རྒྱ་ནག་གི་དམག་མི་འབོར་ཆེན་གྱིས་སྐོར་གཡེང་གིས་དམ་དྲག་ཆེན་པོ་བྱེད་བཞིན་པ་སོགས་ཀྱི་ཐད་སྐུ་འབུམ་དགོན་པའི་དགོན་བདག་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་ཡིས་བློ་འཚབ་གནང་བཞིན་འདུག
དེ་ཡང་ད་ལྟ་ཨ་རིའི་ནང་བཞུགས་པའི་སྐུ་འབུམ་དགོན་པའི་དགོན་བདག་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་བློ་འཚབ་དང་བཅས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ཨ་མདོ་ནས་ཨ་མདོའི་ལོ་སར་ཞེས་ལོ་སར་བཏང་ཚར་བ་དང་། ཆོ་འཕྲུལ་སྨོན་ལམ་ཚོགས་པ་དང་ལུགས་རྙིང་གི་ཚེས་བཅོ་ལྔ་ཉིན་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ་དེའང་ཧ་ཅང་གྲ་རྒྱས་པོ་བཤམས་འདུག ཚང་མས་མཁྱེན་གསལ་ལྟར། སྐུ་འབུམ་དགོན་པའི་བཅོ་ལྔའི་མེ་ཏོག་མཆོད་པ་དེ་སྐད་གྲགས་ཆེན་པོ་རེད། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་ལོ་གསུམ་གྱི་རྗེས་ནས་ཐེངས་དང་པོར་མེ་ཏོག་མཆོད་པ་བཤམས་ཐུབ་པ་དེར་ཧ་ཅང་ཡག་པོ་རེད་དགའ་བོ་བྱུང་། ཡིན་ནའང་ཚང་མས་མཐོང་གསལ་ལྟར། རྒྱ་ནག་གིས་དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་བཀག་སྡོམ་གྱི་རྣམ་པ་གང་སར་འདུག སྔོན་མ་ཡིན་ན་དེ་འདྲ་མང་པོ་ཡོད་པ་མ་རེད། དེ་ནི་དེང་སྐབས་ལོ་རེ་ནས་ལོ་རེར་གནས་སྟངས་ཛ་དྲག་ཡིན་པ་གསལ་སྟོན་བྱས་བ་རེད། ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་རྒྱ་ནག་ནང་ལོ་གསུམ་ལ་བཀག་སྡོམ་བྱས་ཏེ་དཔལ་འབྱོར་དང་འཚོ་བ་ཕྱོགས་མང་པོ་ནས་དཀའ་ངལ་འཕྲད་དང་འཕྲད་བཞིན་པ་རེད། མ་འོངས་པར་ཚང་མར་ཕྱོགས་གང་ཐད་ཡག་པོ་ཡོང་བའི་སྨོན་ལམ་ཡོད། ང་ཚོ་བྱེས་ན་ཡོད་པ་ཚོས་བོད་ཀྱི་ལོ་སར་མི་འགྱངས་པར་རོལ་གྱི་ཡོད་པས་དེར་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད་བཅས་གསུང་བྱུང་།
ཕྱི་ལོ་༢༠༡༩ལོར་ཐོག་མར་རྒྱ་ནག་ཝུའུ་ཧན་ནས་ནས་ཏོག་དབྱིབས་ནད་ཡམས་བྱུང་བའི་རྗེས་སུ། འདས་པའི་ལོ་གསུམ་རིང་བོད་ནང་གི་དགོན་སྡེ་ཁག་གིས་ལོ་སར་དང་དུས་ཆེན་ཁག་ཏུ་ཕྱི་ཕྱོགས་ལ་ཆོས་ཀྱི་མཛད་སྒོ་ཁག་སྤེལ་མེད་པ་རེད། ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༡པོའི་༢༢ཉིན་ནི་ལུགས་རྙིང་ལོ་སར་དང་ཡང་ན་སོ་ནམ་ལོ་སར་ཞེས་འབོད་པར་འཁེལ་ཡོད་ཕྱིར། མདོ་སྨད་ཡུལ་གྱི་དགོན་སྡེ་ཕལ་ཆེ་བ་ནས་རྩིས་ལུགས་འདི་ལྟར་ལོ་སར་དང་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་སྤེལ་བཞིན་པ་རེད། ལུགས་རྙིང་ཚེས་༡༣་ནས་ཚེས་༡༥་བར། རྗེ་སྐུ་འབུམ་དགོན་པ་དང་། བླ་བྲང་བཀྲ་ཤིས་འཁྱིལ། རེབ་གོང་རོང་བོ་དགོན། རྔ་བ་ཀིརྟི་དགོན་སོགས་ནས་གོས་སྐུ་བཤམས་པ་དང་། འཆམ་རྒྱག་པ། མེ་ཏོག་མཆོད་མཇལ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་མང་དག་ཅིག་སྤེལ་ཡོད་པ་ལྟར། གོང་ཞུས་དགོན་སྡེ་དེ་དག་ནང་དད་ལྡན་གནས་མཇལ་བ་དང་ཡུལ་སྐོར་སྤྲོ་འཆམ་པ་བཅས་མི་ཚོགས་མང་པོ་འཛོམས་ཡོད་ལ། སྐབས་དེར་རྒྱ་ནག་ཉེན་རྟོག་དམག་མིས་ཀྱང་སྔར་ལས་ལྷག་པར་ལྟ་རྟོག་དང་སྐོར་གཡེང་བྱེད་བཞིན་ཡོད་པ་བོད་ནང་ནས་བོད་མི་ཁ་ཤས་ནས་འགྲེལ་བརྗོད་གནང་ཡོད།
རྗེ་འབུམ་དགོན་པའི་མེ་ཏོག་མཆོད་པ་དེ་ནི་དམིགས་བསལ་ཁྱད་ཆོས་ལྡན་ཞིང་། འདས་པའི་ལོ་གསུམ་གྱི་རྗེས་སུ་མི་མང་ལ་མཇལ་ཁ་བཏང་བ་ཐོག་མ་དེ་ཡིན་པས། དད་ལྡན་མང་ཚོགས་དང་ཡུལ་སྐོར་སྤྲོ་འཆམ་པའང་ད་ལོ་མང་པོ་འཛོམས་ཡོད་པ་རེད། དེ་བཞིན་རྒྱ་ལོའི་ཚེས་༡༥ཉིན་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་ལ་མི་ཚོགས་མང་པོ་ཡོད་པ་མ་ཟད། རྒྱ་ནག་ཉེན་རྟོག་དམག་མི་སྐོར་ཁག་དང་སྐོར་ཁག་བྱས་ནས་སྐོར་གཡེང་བྱེད་བཞིན་པའི་པར་དང་བརྙན་ཐུང་མང་པོ་ཞིག་ཀྱང་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་འདུག་ལ། བརྙནཐུང་ཞིག་གི་ཟུར་མཆན་དུ། སྐུ་འབུམ་གྱི་མེ་ཏོག་མཆོད་པ་ནི་གནས་མཇལ་བའི་དུས་ཚིགས་གལ་ཆེན་ཞིག་ཡིན་པ་ལས། ཡུཀ་རེན་དང་ར་ཤེ་ཡའི་དམག་ས་མ་རེད་ཅེས་བྲིས་ནས་མི་འདོད་པའི་རྣམ་འགྱུར་བསྟན་འདུག
རྗེ་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ་ནི་ཧ་ཅང་དམིགས་བསལ་བ་ཞིག་ཡིན་ཞིང་། དེའང་སྒོ་མང་གྲྭ་ཚང་དང་རྗེ་བཙུན་གྲྭ་ཚང་གཉིས་བར་གསང་བའི་ཐོག་ཟླ་ཤས་རིང་གྲ་སྒྲིག་གནང་གིན་ཡོད་པ་དང་། སྐུ་འབུམ་དགོན་པའི་སྐད་འཕྲིན་འཕྲིན་སྟེགས་སྟེང་ངོ་སྤྲོད་བྱས་བ་ལྟར་ན། ད་ལོའི་སྒོ་མང་སྐབས་དང་པོའི་མེ་ཏོག་མཆོད་པའི་དབུས་ཀྱི་གཙོ་སྐུ་ནི་རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་ཏུ་བསྡུས་བ་རྗེ་བཙུན་གསང་བའི་བདག་པོ་ཡིན་ལ། དེའི་གཡས་གཡོན་དུ་མཁྱེན་རབ་ཀྱི་དབང་ཕྱུག་རྗེ་བཙུན་འཇམ་དབྱངས་མི་ཡི་རྣམ་པར་རོལ་བ། བོད་གངས་ཅན་གྱི་མི་རྣམས་ཀྱི་མ་རིག་རྨོངས་པའི་མུན་ཆེན་བསལ་བའི་སྒྲོན་མེ། སློབ་དཔོན་ཐོན་མི་སམ་བྷོ་ཊའི་མཛད་རྣམ་སྐོར་ཡིན་འདུག དེ་བཞིན་ད་ལོའི་རྗེ་བཙུན་སྐབས་དང་པོའི་མེ་ཏོག་མཆོད་པའི་དབུས་ཀྱི་གཙོ་སྐུ་ནི་རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་ཏུ་བསྡུས་བ་རྗེ་བཙུན་འཇམ་དཔལ་དབྱངས་ཡིན་ལ། དེའི་གཡས་གཡོན་དུ་སྙིང་རྗེ་གཏེར་བདག་འཕགས་པ་སྤྱན་རས་གཟིགས་མི་ཡི་རྣམ་པར་རོལ་བ། རྒྱལ་བུ་དྲི་མེད་ཀུན་ལྡན་མཆོག་གི་རྣམ་ཐར་གྱི་སྐོར་ཡིན་པ་གསལ་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎