བོད་མི་གཉིས་ནས་རང་ལུས་མེར་སྲེག་བཏང་བ།
2013.04.24

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༣ ཟླ་༤ ཚེས་༢༤ ཉིན་གནས་ཚུལ་མཁོ་སྤྲོད་གནང་དོན།
༄༅༎ཕྱི་ལོ་༢༠༡༣ ཕྱི་ཟླ་༤ ཚེས་༢༤ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་༦།༤༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཟླ་བ། རང་ལོ་༢༠ ཡིན་པ་ཁོང་དང་། གྲྭ་དཀོན་མཆོག་འོད་ཟེར། རང་ལོ་༢༣ ཡིན་པ་ཁོང་གཉིས་ཀྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་འདུ་ཁང་འགྲམ་གྱི་གཡས་ཟུར་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་ནས་ཁོང་གཉིས་ཀ་འདས་གྲོངས་སུ་གྱུར་འདུག་ལ། སྟག་ཚང་མོ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཁོང་གཉིས་ཀྱི་སྐུ་ཕུང་གྲྭ་ཤག་སོ་སོར་གདན་འདྲེན་གྱིས་བསྔོ་བ་སྨོན་ལམ་གསུངས་ཡོད་པ་དང་། ཁོང་གཉིས་ཀྱི་སྐུ་ཕུང་སང་ཉིན་སྔ་དྲོ་ཞུགས་འབུལ་བྱེད་དགོས་ཚུལ་ས་གནས་རྒྱ་གཞུང་ནས་བརྡ་ལན་འབྱོར་ཡོད་འདུག
གྲྭ་བློ་བཟང་ཟླ་བ་ལགས་ནི་མཛོད་དགེ་རྫོང་གཟའ་རུ་ཡུལ་ཚོའི་གཟའ་རུ་འབྲོག་པ་སྨད་མ་ནས་ཡིན་ཞིང་། རང་ལོ་༦༢ ཡིན་པའི་ཕ་རྡོ་རྗེ་མཁའ་འགྲོ་བཟའ་ཟླ་གཉིས་ལ་བུ་བུ་མོ་བདུན་ཡོད་པའི་ནང་གི་ཆུང་ཤོས་ཡིན་འདུག་ལ། ཁོང་གི་ཨ་མ་གྲོངས་ཟིན་པ་ཡིན་འདུག
གྲྭ་དཀོན་མཆོག་འོད་ཟེར་ལགས་ནི་མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་ཀིརྟི་རྐ་ཆུ་ཁའི་ཚ་ཁོ་རུ་བའི་ཕ་ཚེ་རིང་ནོར་བུ་དང་། མ་བསམ་འགྲུབ་སྒྲོལ་མ་གཉིས་ལ་བུ་གསུམ་ཡོད་པའི་འབྲིང་བ་དེ་ཡིན་པ་དང་།
ཁོང་གཉིས་ཆུང་ཆུང་སྐབས་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་བློ་བཟང་ཟླ་བ་དེང་སྐབས་བསྡུས་ཆེན་འཛིན་གྲྭ་ཡིན་པ་དང་། དཀོན་མཆོག་འོད་ཟེར་རྒྱུད་པ་གྲྭ་ཚང་ཡིན་འདུག་ལ། ཁོང་གཉིས་རྒྱུན་དུ་ཀུན་སྤྱོད་དང་བསླབ་པ་སློབ་གཉེར་སོགས་མིག་དཔེར་འོས་པ་གཉིས་ཡིན་འདུག
སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ནི་མཛོད་དགེ་རྫོང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་༡༤༠ ལྷག་གི་སར་ཡོད་ལ། ཕྱི་ལོ་༡༧༤༨ ལོར་ཀིརྟི་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་ཕྱག་བཏབ་གནང་ཞིང་། དེང་སྐབས་མཚན་ཉིད་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་བཅས་གྲྭ་ཚང་བཞི་ལ། དགེ་འདུན་པ་ཞལ་གྲངས་༧༠༠ ལྷག་ཡོད་པ་བཅས།།