ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ཉེ་རྡུང་འོག་འཛིན་བཟུང༌།
2011.10.20
༄༅༎རྔ་བ་ཀིརྟི་དགོན་པའི་དགེ་འདུན་ཕུན་ཚོགས་ལགས་རྒྱ་ནག་གཞུང་གིས་ཉེན་རྟོག་པས་ཉེས་རྡུང་གཏོང་བཞིན་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ཚེས་༡༧ཉིན་གྱི་མཚན་མོ་རྔ་བ་རྫོང་གཙའ་ཞང་ནང་ཚང་མའི་སི་རིག་ཚང་གི་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས། རང་ལོ་༢༨ཙམ་ཡིན་པ་རང་ཤག་ནས་ཉེན་རྟོག་པ་སོགས་ཀྱིས་ཉེས་རྡུང་གཏོང་བཞིན་འཛིན་བཟུང་བྱས་ཡོད་པ་དང་། གྲ་ཤག་ནང་སྔོག་བཤེར་བྱས་ཤིང་ཁོང་ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གསལ་པོ་གང་ཡང་མེད་པའི་སྐོར་བཞུགས་སྒར་དུ་ཡོད་པའི་ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་བློི་བཟང་ཡེ་ཤེས་ལགས་དང་། ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་གནས་ཚུལ་གཏང་གནས་ནང་འཁོད་འདུག ཡང་གནས་ཚུལ་དེའི་ནང་མུ་མཐུད་འཁོད་པར། དེ་བཞིན་ཕྱི་ལོ་ཉིས་སྟོང་༡༡ལོའི་ཕྱི་ཟླ་༡༠ཚེས་༡༩ཉིན་རྔ་བ་རྫོང་མཁར་དང་ཐག་ཉེ་བའི་བོད་མི་མང་པོས་བོད་ཆས་གྱོན་ནས་རྔ་བའི་ཁྲོམ་གཞུང་དུ་རྒྱུན་ལྡན་ལས་མི་ཚོགས་མང་བ་འདུ་འཛོམས་བྱུང་ཡོད་པ་དང་། མི་མང་གིས་ཁྲོམ་གཞུང་དུ་མ་ཎི་བཏོན་ཅིང་ཟས་བཅད་བྱས་ཏེ་གདུང་སེམས་མཉམ་བསྐྱེད་ཀྱི་་རྣམ་འགྱུར་ཤུགས་ཆེ་རྩམ་བསྟན་ཡོད་པ་དང་།ཐེངས་གཉིས་ཙམ་མི་མང་གིས་ཡར་ལངས་བྱེད་གྲབ་བྱས་ཀྱང་སྡེབ་གཅིག་ལ་ལངས་མ་ཐུབ་པར་ཉེན་རྟོག་པ་དང་དམག་མི་སོགས་ཀྱིས་མེ་མདའ་ཚད་ནས་མི་མང་འདུ་འཛོམས་ཁ་གཏོར་ཐབས་བྱས་ཡོད་འདུག ཡང་རྫོང་མཁར་དང་ཐག་ཉེ་བའི་བོད་མི་རྣམས་ཀྱིས་བོད་ཆས་གྱོན་ནས་གྲོང་སྡེ་སོ་སོའི་ནང་དུ་མ་ཎི་འཚོགས་ཤིང་ཟས་བཅད་གནང་ཡོདའདུག ཕྱི་ཚེས་༡༧ཉིན་སྐུ་ལུས་ཞུགས་འབུལ་གནང་ནས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གནང་མཁན་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱི་སྐུ་ཕུང་ཉིན་དེའི་མཚན་མོ་རང་ལ་མེར་སྲེག་བཏང་བཅུག་སྟེ་མེད་པར་བཟོས་ཡོད་འདུག་ལ། ད་ཆ་རྒྱ་ནག་གཞུང་གིས་དོན་རྐྱེན་དེ་བྱུང་བར་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། ཉིན་ཤས་གོང་གྲོང་སྡེ་རེ་རེའི་ནང་ལ་མི་མང་བསྡུས་ནས་ངོ་རྒོལ་བྱས་པའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་བ་ཡིན་ཚེ་དགེ་འདུན་པ་གཅིག་ཀྱང་སྨོན་ལམ་གསུང་བར་མི་གཏོང་རྒྱུ་དང་། འགན་ཚང་མ་ཤུལ་ལུས་སྡེ་དགོན་དང་ནང་མིར་ཡོད་ཚུལ་གྱི་ཉེན་བརྡ་བཏང་ཡོད་འདུག།