བོད་མི་རྣམས་ཀྱིས་ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་དགོས།
2012.02.07
༄༅༎༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་ད་ལྟའི་དུས་སྐབས་དེར་བོད་ནང་བོད་མི་རྣམས་དཀའ་སྡུག་མྱང་དང་མྱོང་བཞིན་པར་བོད་མི་རྣམས་ཀྱིས་ཕུགས་རྒྱང་རིང་པོའི་ཐོག་དགོངས་པ་བཞེས་ནས་རང་ཉིད་ཀྱི་ངོ་བོ་མ་བརླགས་པར་བཏང་སྙོམས་ཐོག་གནས་དགོས་སྐོར་བཀའ་སློབ་གནང་ཡོད་པ་རེད་
༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་བཀའ་སློབ་དེ་ཉེ་ལམ་བོད་ཀྱི་ཁམས་གསེར་རྟའི་ནང་བོད་མི་གསུམ་གྱིས་རང་གི་སྐུ་ལུས་བོད་རྒྱལ་ཁབ་དང་མི་རིགས་ཆེད་ཞུགས་ཕུལ་གནང་བའི་གནས་ཚུལ་བྱུང་རྗེས་གསུང་པ་ཞིག་ཆགས་ཀྱི་ཡོད་པ་རེད་ ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་ནང་བོད་མི་རྣམས་ཀྱིས་རང་གི་ཚེ་སྲོག་ལེན་པའི་གནས་ཚུལ་དེ་ཚོས་ཐུགས་ཕམ་དང་ན་ཟུག་ཕོག་པའི་གནས་ཚུལ་ཤ་སྟག་ཆགས་ཀྱི་ཡོད་པ་དང་ཉིན་གཅིག་རང་ནང་མི་གསུམ་གྱི་ཚེ་སྲོག་ཤོར་བའི་གནས་ཚུལ་དེ་ཐུགས་ནང་ཤོང་དཀའ་བའི་གནས་ཚུལ་ཞིག་རེད་ཅེས་བཀའ་གནང་ཡོད་པ་རེད་ བོད་མི་ཚེ་སྲོག་ཤོར་བ་རྣམས་ཀྱི་བློས་བཏང་དེ་དག་ཆུད་བཟོས་སུ་མ་འགྲོ་བའི་ཐུགས་སྨོན་དང་བློས་བཏང་དེ་དག་གིས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་དང་བོད་རིགས་སྤུན་ཟླ་རྣམས་ཀྱི་དཀའ་སྡུག་སེལ་བའི་རེ་བ་ཡོད་ཅེས་་གསུང་ཡོད་པ་རེད་ ཡང་རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་ཀྱི་དངོས་སུ་མྱོང་བཞིན་པའི་དཀའ་སྡུག་དེ་དག་ངོས་ལེན་དང་དེའི་འགན་ལེན་ཆ་ཚང་ལེན་པ་ཡིན་ན་བོད་མི་དང་རྒྱ་གཞུང་བར་ཡིད་ཆེས་བློས་འགེལ་ཡོང་རྒྱུ་ཡིན་སྐོར་གསུང་ཡོད་པ་རེད་ གལ་སྲིད་བོད་མི་རྣམས་ལ་རང་གི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་བདག་གཅེས་བྱེད་རྒྱུའི་དངོས་ཡོད་ཀྱི་གོ་སྐབས་ཤིག་ཡོད་པ་ཡིན་ན་བོད་མི་རྣམས་ཀྱིས་ངོ་རྒོལ་དང་རང་སྲོག་རང་གི་ལེན་པའི་གནས་ཚུལ་དེ་དག་ཡོང་རྒྱུ་མིན་སྐོར་ཡང་གསུང་ཡོད་པའི་གནས་ཚུལ་ཐོན་བཞག