རྒྱལ་དབང་ཀརྨ་པ་མཆོག་ནས་ནིའུ་ཡོག་ཏུ་གསུང་ཆོས་གནང་བ།
2008.05.18
༄༅༎རྒྱལ་དབང་ཀརྨ་པ་སྐུ་ཐོག་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་འདི་ཚེས་ ༡༧ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་དད་ལྡན་སློབ་མ་དང་ཆོས་ཞུ་བ་ཉིས་སྟོང་ལྔ་བརྒྱ་ཙམ་འདུ་འཛོམས་ཐོག་གསུང་ཆོས་དང་ དེ་བཞིན་ས་གནས་བོད་ཀྱི་བོད་རིགས་རྣམས་ལ་དམིགས་བསལ་བཀའ་སློབ་དང་ཆོས་འབྲེལ་གནང་འདུག
ཕྱི་རྒྱལ་བ་ཚོར་གསུང་ཆོས་ཐོག་མ་དེ་གནང་སྐབས་ རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ སྐུ་ཉིད་དགུང་ལོ་བརྒྱད་ལ་ཕེབས་སྐབས་ ཨ་རིའི་མི་རིགས་ཐོག་མ་དེ་མཇལ་ཡོད་པ་དང་དུས་དེ་ནས་བཟུང་ཨ་རི་གཟིགས་འདོད་གནང་ཡོད་བྱུང་ཡོད་པ་ལྟར་ད་ཆ་དངོས་སུ་ཕེབས་ཐུབ་པ་དང་ དེ་སྔ་སྐུ་ཐོག་གོང་མའི་ཞལ་སློབ་མཚོན་པའི་ཨ་རི་མི་མང་པོ་ཐུག་རྒྱུའི་གོ་སྐབས་ཐོབ་པར་དགྱེས་ཚོར་ཆེན་པོ་གནང་བ་དང་སྦྲགས་ ཀུན་གྱིས་ཆོས་ཀྱི་རྙིང་པོ་ཐར་པ་ཐོབ་པའི་ཆེད་དུ་བྱམས་དང་སྙིང་རྗེ་བཟོད་སྒོམ་ལ་སོགས་ཉམས་ལེན་གནང་དགོས་སྐོར་བཀའ་བསྩལ་གནང་འདུག གསུང་ཆོས་རྗེས་སུ་སློབ་མ་ཚོར་ད་ལམ་འབར་མའི་ནང་རླུང་འཚུབ་ཀྱི་རྐྱེན་ངན་དང་ དེ་རྗེས་རྒྱ་ནག་ནང་ས་ཡོམ་གྱི་རྐྱེན་ངན་ནང་ཚུད་པ་རྣམས་ལ་ཛ་དྲག་གི་རོགས་རམ་གང་ཡོང་གནང་དགོས་པའི་བཀའ་སློབ་གནང་འདུག ཡང་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབས་པ་བཞིན་དེ་ཉིན་བོད་མི་གཙོས་ཉིས་སྟོང་བརྒལ་བར་བཀའ་སློབ་དང་རྟ་མགྲིན་གྱི་བཀའ་དབང་སོགས་ཆོས་འབྲེལ་གནང་ཡོད་པ་རེད།