ས་མཐོའི་འཁྱག་རོམ་བཞུས་བས་རང་བྱུང་གི་གོད་ཆག་འབྱུང་ཉེན་ཆེ་བ།
2015.11.20
གནམ་གཤིས་འགྱུར་ལྡོག་གི་རྐྱེན་བོད་ཀྱི་ཚ་དྲོད་རྒྱས་བཞིན་པ་དཔལ་རྒྱལ་བ་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གིས་གསུངས་འདུག
དེ་ཡང་ཟླ་བ་འདིའི་ཚེས་༢༩ནས་ཕྱི་ཟླ་༡༢པའི་ཚེས་༡༡བར་ཧྥ་རན་སིའི་རྒྱལ་ས་པཱ་རེ་སིར། གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཐེངས་༢༡པ་དེ་ཚོགས་རྒྱུ་ཡིན་པ་དང་། ཚོགས་འདུ་འདིའི་སྔོན་ཚུད་དུ་ཁ་ས་ཚེས་༢༠ཉིན། རྒྱ་གར་གྱི་IANS བརྙན་འཕྲིན་ལས་ཁང་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ཆགས་ཀྱི་གནད་དོན་སྐོར་རྒྱལ་བ་ཀརྨ་མ་མཆོག་ལ་གནས་འདྲི་ཞུས་འདུག་པ་ལྟར། ཀརྨ་པ་རིན་པོ་ཆེ་མཆོག་གིས། འཁྱག་རོམ་ཅན་གྱི་འཛམ་གླིང་བྱང་སྣེ་གཉིས་ཀྱི་རྗེས་སུ་མཐོ་སྒང་བོད་འདི་བཞིན་འཛམ་གླིང་ཐོག་འཁྱགས་རོམ་མང་ཤོས་ཀྱི་ས་ཁུལ་ཡིན་པ་དང་། ས་མཐོའི་བོད་ནང་གནམ་གཤིས་ཚ་དྲོད་རྒྱས་པའི་ཚད་གཞི་དེ་འཛམ་གླིང་སྤྱི་ཡོངས་ཀྱི་གནམ་གཤིས་ཚ་དྲོད་ལས་ལྡབ་གཉིས་ཀྱི་དྲོད་ཚད་མཐོ་བ་ཡོད་སྟབས་ཚ་དྲོད་འདིའི་འོག་བོད་ཀྱི་འཁྱགས་རོམ་གྱི་བཞུར་ཚད་མཐོ་བའི་རྐྱེན་ཆུ་ལོག་དང་ཐན་པ་སོགས་རང་བྱུང་གི་རྐྱེན་ངན་གོད་ཆགས་ཀྱི་གནས་ཚུལ་ཚབས་ཆེ་རུ་འགྲོ་ཉེན་ཆེ་བའི་སྐོར་གསལ་འདོན་གནང་འདུག
དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས། རིང་མིན་ཧྥ་རན་སིའི་རྒྱལ་ས་པཱ་རེ་སིར་ཚུགས་རྒྱུའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་འདིའི་ཐོག རྒྱལ་སྤྱིའི་དབུ་ཁྲིད་རྣམས་ནས་གོ་ལ་ཚ་དྲོད་འཕར་བའི་རྐྱེན་གཙོ་བོ་ནག་རྫས་འབར་རླངས་ཀྱི་ཚད་གཞི་ཉུང་དུ་གཏོང་ཕྱོགས་ཐད་གྲོས་ཆོད་གཏན་འབེབས་ཡོང་བའི་ཐུགས་རེ་གནང་གི་ཡོད་ལུགས་གསུངས་འདུག གནམ་གཤིས་འགྱུར་ལྡོག་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་འདིའི་སྐབས་མཐོ་སྒང་བོད་ཀྱི་གནམ་གཤིས་འགྱུར་ལྡོག་གྱི་གནད་དོན་འདི་གྲོས་མོལ་གྱི་གནད་དོན་གལ་ཆེའི་ཁོངས་སུ་བགྲོ་གླེང་འབྱུང་ཐབས་སླད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཡིག་ཆ་ཕྱོགས་བསྒྲིགས་གནང་པ་དང་། ལམ་སྟོན་འོག་ཡུལ་གྲུ་གང་སར་བོད་ཀྱི་ཁོར་ཡུག་སྐོར་ལ་གོ་རྟོགས་ཀྱི་བགྲོ་གླེང་དང་གོམ་བགྲོད་ལ་སོགས་པའི་ལས་འགུལ་སྤེལ་མུས་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་ཡིག་ཆ་ཁག་ནང་། འདས་པའི་ལོ་༡༠ནང་ཚུད་མཐོ་སྒང་བོད་ཀྱི་ཚ་དྲོད་0.3གྲངས་ཆུང་གསུམ་འཕར་ཡོད་པ་དང་། འདས་པའི་ལོ་ངོ་༥༠ནང་ཚུད་Celsus 1དང་། གྲངས་ཆུང་གསུམ་གྱི་འཕར་ཆ་སོང་སྟེ་གོ་ལ་སྤྱི་ཡོངས་ལས་ལྡབ་གསུམ་གྱི་ཚ་དྲོད་མཐོ་རུ་སོང་ཡོད་པ་དང་། ཚ་དྲོད་ཀྱི་གནས་སྟངས་དེ་མུར་ལུས་ཚེ་༢༠༣༠ནང་ཚུད་ མཐོ་སྒང་བོད་ཀྱི་འཁྱག་རོམ་གཉིས་ཆ་གསུམ་བཞུས་ཉེན་ཆེ་བའི་ཉེན་བརྡ་ཡང་བཏང་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།