སྐལ་བཟང་ཚེ་རིང་ལ་མནར་གཅོད་བཏང་རྐྱེན་སྲོག་ཉེན་ཡོད་པ།
2016.01.13
སྲིད་དོན་བཙོན་པ་སྐལ་བཟང་ཚེ་རིང་ལ་རྒྱ་ནག་གིས་བཙོན་འཇུག་སྐབས་མནར་གཅོད་འདྲ་མིན་བཏང་རྐྱེན་ད་ཆ་སྲོག་ཉེན་ཡོད་པ།
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན་ལྟར་ན། དེ་སྔོན་སྤྱི་ལོ་༢༠༠༨ལོའི་བོད་ནང་གི་བོད་ཀྱི་ཞི་རྒོལ་ཆེན་པོའི་ལས་འགུལ་ནང་མཉམ་བཞུགས་གནང་བའི་རྐྱེན་གྱིས་འཛིན་བཟུང་བྱས་ཤིང་། ཕྱིས་སུ་གློད་བཀྲོལ་བྱུང་བའི་བོད་མི་སྲིད་དོན་བཙོན་པ་སྐལ་བཟང་ཚེ་རིང་ལགས། དེ་སྔ་བཙོན་ཁང་ལ་བཞུགས་རིང་ཚད་ལས་བརྒལ་བའི་མནར་གཅོད་ཕོག་པའི་རྐྱེན་གྱིས། ད་ཆ་ཁོང་གི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་རེད།
འཁྲུངས་ཡུལ་སྟོད་ལུང་རྫོང་བདེ་ཆེན་ཤང་ནས་ཡིན་པའི་བོད་མི་སྐལ་བཟང་ཚེ་རིང་ལགས དེ་སྔོན་སྤྱི་ལོ་༢༠༠༨ལོའི་ཟླ་བ་གསུམ་པའི་ཚེས་༡༤འི་བོད་ཀྱི་རྒྱལ་ས་ལྷ་སར་ཐོན་པའི་བོད་མིའི་ཞི་བའི་ངོ་རྒོལ་ལས་འགུལ་དེའི་ཐོག་མཉམ་བཞུགས་གནང་ཡོད་ཅིང་། དེར་བརྟེན་སྟོད་ལུང་རྫོང་གི་ཉེན་རྟོག་པ་དང་། ལྷ་སའི་གསང་བའི་ལས་ཁུངས་ཀྱི་མི་སྣ་མཉམ་འབྲེལ་ཐོག་ཁོང་འཛིན་བཟུང་བྱས་ཡོད་པ་མ་ཟད། ད་དུང་ཁོང་ལ་ལོ་བདུན་བཙོན་བཅུག་ཁྲིམས་ཐག་བཅད་དེ་ཁོང་ལྷ་སའི་ཉེ་གནས་སུ་ཡོད་པའི་ཆུ་ཤུར་རྫོང་གི་བཙོན་ཁང་དུ་བཙོན་བཅུག་བྱས་ཤིང་། འདས་པའི་ལོ་ངོ་བདུན་གྱི་བཙོན་བཅུག་དུས་ཡུན་ནང་། ཉིན་ལྟར་ཁོང་ལ་ཚད་ལས་བརྒལ་བའི་མནར་གཅོད་སྣ་ཚོགས་ཤིག་བཏང་ཞིང་། ཁོང་གི་གཟུགས་གཞིའི་བདེ་ཐང་ལ་ཚབས་ཆེའི་གནོད་འཚེ་བཟོས་ཡོད་པའི་རྐྱེན་གྱིས་སྤྱིར་ཁོང་སྤྱི་ལོ་༢༠༡༥ལོའི་ཟླ་བ་༧པའི་ཚེས་༡༩ཉིན་བཙོན་བཅུག་གི་དུས་བཀག་གཙང་སྟེ་གློད་བཀྲོལ་བཏང་ཡོད་ཀྱང་། ད་ཆ་ཁོང་གི་སྒལ་ཚིགས་ལ་ཚབས་ཆེའི་ན་ཚ་ཞིག་བཟོས་ཟིན་ཡོད་པ་རེད་འདུག་ལ་། སྐལ་བཟང་ཚེ་རིང་ལགས་བཙོན་ཁང་ནས་གློད་བཀྲོལ་ཐོབ་རྗེས་ལྷ་ས་དང་། ལྷ་སའི་ཉེ་གནས་ཀྱི་སྨན་ཁང་ཁག་ལ་སྔ་རྗེས་སུ་སྨན་བཅོས་གནང་ཡོད་རུང་། ཁོང་གི་སྙུང་གཞི་དྲག་བསྐྱེད་གང་ཡང་ཕྱིན་མེད་པར་ད་ལྟ་ཁོང་སྨན་བཅོས་སུ་རྒྱ་ནག་ཟི་ཁྲོན་གྱི་ཁྲིན་ཏུའུ་གྲོང་ཁྱེར་དུ་སྨན་བཅོས་ཆེད་ཕེབས་ཡོད་པ་དང་། ཡིན་ནའང་ཁོང་གི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་གནས་ཚུལ་བཏང་འབྱོར་བྱུང་ཡོད།
གསར་འགོད་པ་ཀུན་བཟང་རིག་འཛིན།