འཛམ་གླིང་ནང་སྒོམ་སྒྲུབ་ཆོས་ཁང་ཆེ་ཤོས་དབུ་འབྱེད་མཛད་སྒོ།
2009.02.06
༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་རྒྱལ་སྤྱིའི་ལྦ་ཡོ་ཨ་ས་ན་ཐེབས་རྩ་ཚོགས་པས་བསྐྱོན་པའི་འཛམ་གླིང་ནང་ནས་སྒོམ་སྒྲུབ་ཆོས་ཁང་ཆེ་ཤོས་དེ་དབུ་འབྱེད་མཛད་སྒོར་སྐུ་མགྲོན་དུ་ཕེབས་ཀྱི་ཡོད་འདུག དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་འཁོད་པའི་ནང་གོང་གསལ་སྒོམ་སྒྲུབ་ཆོས་ཁང་དེའི་དབུ་འབྱེད་མཛད་སྒོ་དེ་བཞིན་རྒྱ་གར་གྱི་སྲིད་བློན་མཆོག་ནས་ཚེས་བརྒྱད་ཉིན་གནང་གི་ཡོད་ཅིང་སྒོམ་སྒྲུབ་རྒྱབ་སའི་ཆོས་ཁང་དེ་གསར་བསྐྲུན་གནང་དགོས་དོན་གཙོ་བོ་ནི་ནང་ཆོས་ཀྱི་སྒོམ་སྒྲུབ་ལྟ་བའི་ཐོག་ནས་འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་དང་དེ་བཞིན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་རིས་མེད་ཀྱི་དོན་སྙིང་མཚོན་ཐབས་ཆེད་དུ་ཡིན་པ་རེད། དེ་རྗེས་བཀའ་བློན་ཁྲི་པ་མཆོག་རྒྱ་གར་གྱི་པཱན་ཆི་ག་ནི་ས་ཁུལ་དུ་བོད་པའི་གཞོན་སྐྱེས་ཚོས་སྤྱི་ཚེས་དགུ་ནས་བཅུ་བཞི་བར་སྤེལ་རྒྱུའི་ལྷན་ཚོགས་ཤིག་ཏུ་ཕེབས་འཆར་ཡོད་པ་དང་ལྷན་ཚོགས་ཐོག་བཀའ་བློན་ཁྲི་པ་མཆོག་ནས་བོད་མི་གཞོན་སྐྱེས་ཚོའི་མ་འོངས་གསར་བསྐྲུན་གྱི་ཕུགས་བསམ་ཞེས་པའི་བརྗོད་གཞིའི་ཐོག་ནས་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་པ་རེད། ཕྱི་ཚེས་བཅུ་ཉིན་བཀའ་བློན་ཁྲི་པ་མཆོག་རྒྱ་གར་གྱི་རྒྱལ་ས་ནིའུ་ལྡི་ལིར་ཕྱིར་ཕེབས་གནང་སྟེ་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་ལྷན་དུ་དུས་ཡུན་ཉིན་གྲངས་གསུམ་རིང་ལྷན་འཛོམས་གནང་རྒྱུ་དང་ཕྱི་ཚེས་བཅུ་དྲུག་ཉིན་བཀའ་བློན་ཁྲི་པ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་གི་ཡོད་འདུག