བཀའ་ཁྲིས་ཉི་ཧོང་གི་ཞིབ་འཇུག་ཁང་ཞིག་ནང་གསུང་བཤད་།

བཀའ་ཁྲི་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་དེང་སྐབས་བོད་ནང་གི་ཛ་དྲག་གི་གནས་ལུགས་སོགས་ཀྱི་ཐད་གསུང་བཤད།

2012.04.04

༄༅།།ཕྱི་ཟླ་ ༤ ཚེས་ ༣ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་ཉི་ཧོང་གི་གལ་ཆེའི་ཞིབ་འཇུག་བསྟི་གནས་ཁང་ཞིག་ཏུ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་དེང་སྐབས་བོད་ནང་གི་ཛ་དྲག་གི་གནས་ལུགས་སོགས་ཀྱི་ཐད་གསུང་བཤད་་གནང་འདུག།
ཉེ་ཧོང་གི་རྒྱལ་ས་ཊོཀྱོའི་ནང་རྟེན་གཞི་བྱེད་པའི་ Japan Institute for National Fundamentals ཞེས་པ་ཆབ་སྲིད་ཞིབ་འཇུག་བསྟི་གནས་ཁང་གྲགས་ཅན་དེའི་ནང་ བཙན་བྱོལ་བོད་མི་ཚོས་འདས་པའི་ལོ་ ༥༠ རིང་མང་གཙོ་འཕེལ་རྒྱས་ཡོང་ཐབས་དང་འཚེ་མེད་ཞི་བའི་ལྟ་གྲུབ་གོང་འཕེལ་ཆེད་འབད་བརྩོན་བྱེད་མུས་དང༌། འབྱུང་འགྱུར་ཡང་ཡར་རྒྱས་དེའི་ངོ་བོར་མུ་འཐུད་མདུན་བསྐྱོད་བྱ་རྒྱུ་ཡིན་སྐོར་སོགས་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ཞིབ་རྒྱས་གསུངས་ཤིང། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཡང་འགྲེལ་བརྗོད་ཞིབ་ཕྲ་གནང་ཡོད་པ་རེད།
བཀའ་བློན་ཁྲི་པ་མཆོག་གིས། བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་ཧ་ལས་པའི་ཆེན་པོ་བྱེད་བཞིན་པར་བོད་མི་ཚོས་བཟོད་ཐབས་བྲལ་སྟེ། ངོ་རྒོལ་གཅིག་མཇུག་གཉིས་འཐུད་ཡོང་གི་ཡོད་པ་དང༌། ད་བར་བོད་མི་ ༣༣ གྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་པ་དེའི་འབྱུང་རྐྱེན་གཙོ་བོ་ནི། རྒྱ་གཞུང་གི་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་འུ་ཐུག་ཐབས་ཟད་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁག་འཛམ་གླིང་མི་མང་གི་ཤེས་རྟོགས་ཡོང་རྒྱུའི་ཆེད་བྱ་སྤྱོད་དེ་རིགས་སྤེལ་གྱི་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
ད་དུང་བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་དེའི་ནང། བོད་ནང་གི་བོད་མི་ཚོས་འདས་པའི་ལོ་ངོ་དྲུག་ཅུའི་རིང་སོ་སོའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུའི་གོ་སྐབས་མ་བྱུང་བར་བརྟེན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ཁོང་རྣམ་པའི་མངོན་འདོད་དང་པོ་དེ་ཡིན་པ་དང༌།  དེ་ནས་བོད་ལ་རང་དབང་དང༌། ཆོས་དད་རང་མོས། སྐད་ཡིག་རང་དབང་སོགས་དགོས་པའི་དགོས་འདུན་འདོན་གྱི་ཡོད་པ་རེད་ཅེས་དང༌། བོད་མི་ ༣༣ ནས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་མཚན་ཡང་དེ་ཡིན་ཞིང༌། ང་རང་ད་ལམ་འདི་གར་ཁོང་རྣམ་པའི་རེ་འདུན་དེ་ཚོ་འཛམ་གླིང་མི་མང་ལ་ཞུ་རྒྱུའི་ཆེད་དུ་བཅར་བ་ཡིན་ཞེས་གསུངས་འདུག། བཀའ་བློན་ཁྲི་པ་མཆོག་གིས། བོད་རྒྱའི་དཀའ་རྙོག་སེལ་བའི་བོད་མིའི་ངོས་ཀྱི་སྲིད་བྱུས་ནི་དབུ་མའི་ལམ་ཡིན་པ་དང༌། ཐབས་ལམ་ནི་གྲོས་མོལ་ཁོ་ན་ཡིན་པ་གསལ་བཤད་ཀྱང་གནང་འདུག།
ཁང་སང་གི་གསུང་བཤད་དེའི་ཐོག་ཉེ་ཧོང་གི་སྲིད་བློན་ཟུར་པ་དང༌། དེ་བཞིན་རྩོམ་པ་པོ། ཤེས་ཡོན་ཅན་པ་དང་མཁས་པ། གཞན་ཡང་བོད་དོན་དོན་གཉེར་བ་ལྔ་བརྒྱ་སྐོར་བཅར་འདུག་ཅིང༌། ཚོགས་བཅར་བའི་ངོས་ནས་སེམས་ཚོར་ཆེན་པོའི་ཐོག་ནས་བོད་ཀྱི་ཛ་དྲག་གནས་སྟངས་ལ་སེམས་འཚབ་དང་གདུང་སེམས་མཉམ་བསྐྱེད་ཡོད་པའི་རྣམ་འགྱུར་གསལ་བཏོན་བྱས་འདུག། ཡང་ཕྱི་ཚེས་ ༤ སྔ་དྲོ་དྲོ་བཀའ་ཁྲི་མཆོག་གིས་རྒྱལ་ས་ཊོཀ་ཁྱོའི་ནང་རྟེན་གཞི་བྱས་པའི་ཕྱི་སྡོད་རྒྱ་རིག་གསར་འགོད་པ་ཁག་དང་ཟུར་དུ་མཇལ་འཕྲད་གནང་ནས་བོད་ནང་གི་གནས་སྟངས་དང༌། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་སོགས་འགྲེལ་བརྗོད་དང་སྦྲགས་གསར་འགོད་པའི་འདྲི་བར་ལན་འདེབས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎