དུས་འཁོར་དབང་ཆེན་གནང་རྒྱུ་ཕྱིར་བཤོལ་གནང་འདུག


2015.08.31
དུས་དབང་སྐོར་ལ་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༥།༨།༣༡ དུས་དབང་སྐོར་ལ་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༥།༨།༣༡
བསྟན་འཛིན་དོན་ཡོད། RFA

ཕྱི་ལོ་༢༠༡༦ལོའི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་རྒྱུ་ཕྱིར་བཤོལ་གནང་ཡོད་འདུག
དེ་རིང་ཚེས༣༡རེས་གཟའ་ཟླ་བའི་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། འཆར་ལོའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྲྭ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར་མཆོག དེ་བཞིན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བཅས་འབྲེལ་ཡོད་རྣམ་པ་གསུམ་ནས་གསར་འགོད་གསལ་བསྒྲགས་ཤིག་བསྐོང་ཚོགས་གནང་ཏེ་། འཆར་ལོ་ཕྱི་ལོ་༢༠༡༦ལོའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་རྒྱུ་ཐུགས་གཏན་སྔོན་འཁེལ་ཡོད་ཀྱང་། ལོ་འདིའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་དང་འབྲེལ་བའི་མཛད་རིམ་མང་པོ་ཞིག་བསྐྱངས་གནང་ཡོད་པ་དང་། རིང་མིན་ཕྱི་ཟླ་དགུ་པ་ནས་བཟུང་དབྱིན་ཡུལ་དང་། ཨ་རི། དེ་ནས་རྒྱ་གར་ཁུལ་མཛད་འཆར་ཁག་ཅིག་སྐྱོང་གནང་འཆར་ཡོད་པ་སོགས་དགུང་ནའི་བབས་ཀྱི་མཛད་བྲེལ་ཧ་ཅང་ཆེ་དྲག་གནང་གི་ཡོད་དུས་། བོད་ཕྱི་ནང་གཉིས་ནས་རྒྱུན་གཏན་ནས་༧གོང་ས་མཆོག་སྐུ་ལྷོད་ཞུགས་ཀྱི་དུས་ཚོད་མང་ཙམ་འབུལ་དགོས་ལུགས་འབོད་སྐུལ་ཞུ་གི་ཡོད་པ་བཅས་ལོ་འདིའི་མཛད་བྲེལ་ཆེན་པོ་བྱུང་བ་སོགས་ཀྱིས་། དབུས་བོད་མིའི་སྒྲིག་འཛུགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་གཅིག་ཕྱི་འགྱངས་ཡོང་བའི་གསོལ་འདེབས་ཞུས་པ་ལྟར། བཀའ་བཞེས་ཟབ་མོ་གནང་ཡོད་སྟབས། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་རྒྱུ་ལོ་གཅིག་ཕྱིར་བཤོལ་གནང་ཡོད་ལུགས་གསལ་བསྒྲགས་གནང་ཡོད་འདུག
དེ་ཡང་བཀའ་ཤག་གིས་སྤེལ་བའི་གསལ་བསྒྲགས་ནང་། དད་ལྡན་ཆོས་ཞུ་བ་ལྷན་རྒྱས་ལ་ཇི་ལྟར་དགོངས་མངའ་ལྟར། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་གཅིག་སྔོན་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༢༠༡༦ ལོའི་ཟླ་ ༡ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་དཔའ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩོལ་གསལ་བསྒྲགས་སྔོན་སོང་ལྟར་ཡང་། འདི་ལོ་སྔར་དང་མི་འདྲ་བར་༧སྐུའི་གྱ་སྟོན་གྱི་མཛད་རིམ་དང་བརྟན་བཞུགས་སོགས་ཤིན་ཏུ་མང་པོ་བྱུང་པ་དང་། རིང་མིན་ཕྱི་ཟླ་ ༩ པའི་ནང་དབྱིན་ལན་དུ་བདུན་ཕྲག་ཅིག་རིང་དང་། ཟླ་ ༡༠ པའི་ནང་ཨ་རིའི་ཁུལ་དུ་བདུན་ཕྲག་གསུམ། དེའི་རྗེས་ཕྱི་ཟླ་ ༡༡ ནང་རྒྱ་གར་ནང་གསུང་ཆོས་དང་གཞན་ཆིབས་བསྒྱུར་ཁག་ཅིག་དང་། ཕྱི་ཟླ་ ༡༢ ནང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བསྟུད་མར་བདུན་ཕྲག་གསུམ་རིང་མཛད་འཆར་ཤིན་ཏུ་དམ་པ། ལྷག་པར་ ༢༠༡༦ ལོའི་ཟླ་ ༡ པའི་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་བཞེད་ནི་ཆོས་འབྲེལ་གཞན་དང་མི་འདྲ་བར་སྔོན་འགྲོའི་གསུང་ཆོས་སོགས་ཀྱིས་དུས་ཡུན་འགོར་གཞི་རིང་ལ། སྒྲུབ་ཞག་གནང་སྒོ་ཁག་ཕྱག་བཞེས་མང་སྟབས་ཧ་ཅང་གི་སྐུ་ཐང་མཉེས་པོ་ཡོང་རྒྱུ་ཡིན་ན། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་དགོངས་དོན་དང་། ཆོས་བརྒྱུད་ཁག་གི་དབུ་འཁྲིད་བསྟན་བདག་བླ་ཆེན་རྣམ་པས་ཉེ་ཆར་༧སྐུའི་གྱ་སྟོན་སྐབས་གསོལ་འདེབས་ཞུ་སྐུལ་དང་། དེ་བཞིན་མང་ཚོགས་ཁྲོད་ཀྱི་ཐུགས་ཁུར་ཅན་དང་། གཞིས་བཞུགས་ཁག་ཅིག་གིས་རྣམ་ཀུན་ནས་༧ གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཆར་ཉུང་འཕྲི་དང་། སྐུ་ངལ་གསོས་པའི་དུས་ཚོད་མང་ཙམ་ཡོང་ཐབས་སྐོར་ལ་ཡིག་ངག་གཉིས་ཐོག་ནས་ཞུ་མཁན་བྱུང་བ་བཅས་ལ་བརྟེན། སང་ལོའི་དུས་འཁོར་དབང་ཆེན་བསྩལ་རྒྱུ་སྔོན་དུ་ཞལ་བཞེས་སྐལ་བཟང་ཐོབ་ཟིན་ནའང་། སང་ལོའི་དུས་འཁོར་དབང་ཆེན་ལོ་གཅིག་གི་རིང་ཕར་འགྱངས་གནང་གཏན་ཁེལ་བའི་གསལ་བསྒྲགས་ཞུ་རྒྱུ་དང་། དེའི་རྐྱེན་གྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དུས་དབང་སྦྱིན་བདག་ཁག དུས་དབག་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་དང་། དེ་བཞིན་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་མང་པོར་གང་ཅིའི་ཐུགས་སྟབས་མི་བདེ་བ་ཡོང་ངེས་པས། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་གོ་སྐབས་འདི་བརྒྱུད་བཟོད་གསོལ་ཞུ་རྒྱུ་དང་། དེ་དོན་འབྲེལ་ཡོད་ཀུན་གྱིས་དགོངས་ཡངས་དཀྱེལ་ཆེ་ཡོང་བ་ཞུ་རྒྱུ་ཡིན་ཞེས་བཀོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎